བོད་དོན་རྒྱུག་ཤར། རྒྱ་ནག་དམར་ཤོག་རྩ་གཏོར་ཞེས་པའི་ལས་འགུལ་ཞིག་སྤེལ་འདུག
བོད་དོན་དྲིལ་བསྒྲགས་དང་། ལྷག་པར་དུ་རྒྱ་ནག་ནི་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་བདེ་འཇགས་ལ་གནོད་གཞི་དང་ཉེན་ཁར་འགྱུར་བཞིན་པར་བརྟེན། རྒྱ་གཞུང་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་རྒྱལ་ཁབ་ཁག་དང་མི་མང་ཡོངས་ནས། གཅིག་སྒྲིལ་གྱིས་ནུས་པ་མཉམ་དུ་སྤུངས་ནས་རྒྱ་གཞུང་རྩ་མེད་བཟོ་དགོས་པའི་སྐོར་གོ་རྟོགས་སྤེལ་ཆེད། བོད་དོན་རྒྱུག་ཤར། རྒྱ་ནག་དམར་ཤོག་རྩ་གཏོར་ཞེས་པའི་ལས་འགུལ་ཞིག་སྤེལ་འདུག

ཟླ་འདིའི་ཚེས་༡༠ ཉིན། ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་དོན་རྒྱུག་ཤར། རྒྱ་ནག་དམར་ཤོག་རྩ་གཏོར་ཞེས། ས་གནས་ཇེག་སན་ཧའེ་ཌི་༼Jackson Heights༽ ་ནས་ནིའུ་ཡོག་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་བར་ཞི་བའི་རྒྱུག་ཤར་གྱི་ལས་འགུལ་ཞིག་སྤེལ་འདུག
ཐེངས་འདིའི་ལས་འགུལ་སྤེལ་དོན། རྒྱ་གཞུང་ནི་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་བདེ་འཇགས་ལ་གནོད་གཞི་དང་ཉེན་ཁ་ཆགས་ཡོད་པར་བརྟེན། ད་ལྟ་རྒྱ་གཞུང་གི་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་མཐུན་ཕྱོགས་གཅིག་པའི་རྒྱལ་ཁབ་གཙོས་འཛམ་གླིང་མི་མང་ཡོངས་ནས་གཅིག་སྒྲིལ་དང་ནུས་པ་མཉམ་དུ་སྤུངས་ཏེ། རྒྱ་གཞུང་རྩ་མེད་བཟོ་དགོས་པའི་སྐོར་གོ་རྟོགས་སྤེལ་ཆེད་ཡིན་པ་ཚོགས་པས་ངོ་དེབ་ཐོག་ཏུ་སྤེལ་འདུག

ཁེར་རྐྱང་ངང་བོད་དོན་ལས་འགུལ་བ་དགུང་ལོ་༨༤ ལ་སོན་པའི་སྤོ་བོ་ཚེ་རིང་གྲོང་གཞི་གདན་འདྲེན་ཞུས་ནས་ལས་འགུལ་དབུ་འཛུགས་ཀྱི་མཛད་སྒོའི་སྐབས། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་དང་ས་གནས་བེུད་ཀྱི་ཚོགས་གཞོན། མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སོགས་མཉམ་ཞུགས་དང་བཅས། ཁྱོན་བོད་དོན་འཐབ་རྩོད་པ་༤༠ ལྷག་མཉམ་ཞུགས་གནང་ཡོད་འདུག དེ་བཞིན་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་བསལ་ལས་འགུལ། ཟླ་བ་འཆར་ཅན་གྱི་ཚེས་༡༠ ཉིན། གསུམ་བཅུའི་དུས་དྲན་དྲན་གསོའི་ཆེད་ལས་འགུལ་སྤེལ་བ་ཐེངས་༡༢ པ་དེ་ཆགས་ཀྱི་ཡོད་འདུག

ཉེ་ཆར་ཕྱི་ཟླ་༨ ཚེས་༣ ཉིན། ནིའུ་ཡོག་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ས་གནས་རྒྱ་ནག་གི་གཞུང་ཚབ་མདུན་དུ་གར་སོང་ཆ་མེད་དུ་གྱུར་བའི་བོད་ཀྱི་གཞས་པ་ཨ་སངས་དང་དཔལ་སྐྱོང་གཉིས་གློད་བཀྲོལ་དགོས་པའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་དང་།
སྐབས་དེར་ཁོང་རྣམས་ཀྱིས་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་མཚན་ཐོག་དང་། སུད་སིའི་ནང་ཡོད་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་བཅས་ལ་ཞུ་ཡིག་ཅིག་ཕུལ་ནས། ཚོགས་མི་རྒྱལ་ཁབ་རྣམས་ལ་རྒྱ་གཞུང་ནས་བོད་མི་རིགས་རྩ་མེད་བཟོ་རྒྱུའི་ངན་བྱུས་ཡོངས་སུ་མཚམས་འཇོག་དགོས་པ་དང་། ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་ཡོངས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་བཏོན་པ་མ་ཟད། བོད་ནང་འབྱུང་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ལ་ཡོངས་གྲགས་ངོས་འཛིན་བྱས་ཏེ་འགོག་རྒོལ་བྱེད་དགོས་པ་དང་། རྒྱལ་སྤྱིའི་ལྟ་ཞིབ་པ་ཚོ་བོད་ནང་འགྲོ་ཆོག་པ་བཟོས་ཏེ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཕྱི་གསལ་ནང་གསལ་ངང་ཞིབ་འཇུག་བྱེད་འཇུག་དགོས་པ། ལྷག་པར་དུ་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང༌། རྒྱ་ནག་གཞུང་གི་སྐུ་ཚབ་བར་ཞི་བདེའི་ངང་ནས་མིང་དོན་མཚུངས་པའི་གྲོས་མོལ་ཡོང་བར་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།
