བོད་པའི་སློབ་ཕྲུག་བུ་མོ་ཞིག་རྒྱ་གཞུང་གི་ཉེན་རྟོག་པས་བཙན་ཁྲིད་བྱས་རྗེས་གྲོངས་ཡོད་འདུག

བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་ཕྲུག་དང་སྙེ་མོ་རྫོང་རི་ཚོ་གྲོང་ཚོ་ནས་ཡིན་པའི་བུ་མོ་ཚེ་སྒྲོན་རྒྱའི་ཉེན་རྟོག་པས་བཙན་ཁྲིད་བྱས་ཏེ་དུས་ཡུན་ཟླ་ཕྱེད་ལྷག་ཕྱིན་རྗེས་གྲོངས་ཡོད་འདུག་ཀྱང་ཕུང་པོ་ནང་མིར་སྤྲད་མེད་པའི་གནས་ཚུལ་འདུག
བོད་ཀྱི་དུས་བབ་གསར་ཁང་གིས་སྤེལ་གསལ་ལྟར་ན། འདས་ལོའི་ཕྱི་ཟླ ༡༢ ཚེས་ ༢༦ ཉིན་བོད་སྙེ་མོ་རྫོང་རི་ཚོ་གྲོང་ཚོའི་བུ་མོ་ཚེ་སྒྲོན་ཞེས་པ་ཞིག་སྙེ་མོ་རྫོང་དང་ས་གནས་ཉེན་རྟོག་པས་བཙན་འཁྲིད་བྱས་རྗེས་ཉིན་གྲངས་མང་པོར་གོ་ཐོས་མེད་པར་གྱུར་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་བུ་མོའི་ཁྱིམ་མི་ཚོར་ཚེ་སྒྲོན་ལགས་སྙེ་མོ་རྫོང་མི་མང་སྨན་ཁང་དུ་འདས་གྲོངས་སུ་གྱུར་ཡོད་ཚུལ་གྱི་གནས་ཚུལ་ནང་མིར་འབྱོར་ཡོད་འདུག
དེ་བཞིན་ཚེ་སྒྲོན་འཛིན་བཟུང་བྱས་རྗེས་ཁོང་མོའི་ཕ་མ་དང་སྤུན་མཆེད་རྣམས་ས་གནས་ཉེན་རྟོག་ཁང་དུ་ཕྱིན་ཏེ། གནས་ཚུལ་ག་རེ་བྱུང་ཡོད་མེད་གསལ་བཤད་ཡག་པོ་དགོས་པའི་རེ་བ་བཏོན་ཡོད་ཀྱང་། ས་གནས་ཉེན་རྟོག་པས་ཁོ་ཚོས་ཚེ་སྒྲོན་ལགས་སུ་འདས་པའི་ལོ་གཅིག་རིང་ཞིབ་འཇུག་བྱས་ནས་འཛིན་བཟུང་བྱས་པ་ཞིག་ཡིན་ལ། གནད་དོན་མང་པོ་ཞིག་གི་ཐད་ནས་ཐག་གཅོད་བྱས་པ་ཞིག་རེད་ཅེས་ཁ་གསལ་གང་ཡང་མ་བཤད་པར་ཕྱིར་སློག་བཏང་ཡོད་སྐོར་དང་། ཁྱིམ་མི་ཚོས་ཐེངས་མང་པོར་ཕུང་པོ་སྤྲད་དགོས་པའི་རེ་སྐུལ་ཞུས་ཡོད་ཀྱང་། སྣེ་མོ་རྫོང་དང་རི་ཚོ་གྲོང་ཚོའི་ཉེན་རྟོག་པས་ཞིབ་འཇུག་བྱེད་བཞིན་ཡོད་པས་ཕུང་པོ་སྤྲད་ཆོག་གི་མ་རེད་ཅེས་ལབ་ཡོད་སྐོར་དང་། ཕྱིས་སུ་ས་གནས་ཉེན་རྟོག་པས་ཚེ་སྒྲོན་ཧོབ་ཏུ་ས་ལ་འགྱེལ་ནས་ཡར་ལངས་ཐུབ་མེད་པ་དང་། དེ་ནས་ཁོ་ཚོས་མགྱོགས་པོར་སྨན་ཁང་དུ་བསྐྱལ་ཡོད་ནའང་ཕན་ཐོགས་བྱུང་མེད་ལུགས་བཤད་ཡོད་ཀྱང་། དུས་རྒྱུན་ཚེ་སྒྲོན་ལགས་ལ་ནད་མནར་གང་ཡང་མེད་པས་གཅར་རྡུང་ཚད་མེད་བཏང་ནས་བསད་པའི་དོགས་པ་ཆེན་པོ་ཡོད་སྐོར་དེ་གའི་གསར་ཁང་དུ་འབྲེལ་ཡོད་མི་སྣ་ཞིག་གིས་འགྲེལ་བརྗོད་གནང་འདུག
བུ་མོ་ཚེ་སྒྲོན་ནི་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་ལོ་རིམ་གཉིས་པའི་སློབ་མ་ཞིག་དང་། ནམ་རྒྱུན་སློབ་སྦྱོང་ཡག་པོ་ཡོད་ཐོག་དབྱར་དགུན་གྱི་སློབ་གྲྭའི་གུང་སེང་སྐབས་སུ་སློབ་ཕྲུག་གཞན་ལ་སློབ་སྦྱོང་དང་ཀློག་དེབ་ཐད་རོགས་རམ་མང་པོ་གནང་མཁན་ཞིག་ཡིིན་འདུག
