བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ལ་ལན་འདེབས་བསྒྲགས་གཏམ་སྤེལ་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤེལ་བའི་བསྒྲགས་གཏམ་ནང་། “ལོ་རྒྱུས་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་”པ་དང་། བོད་ཀྱི་གནད་དོན་དེ་རྒྱ་ནག་གིས་རྒྱུན་དུ་རྫུན་བསྒྲགས་བྱེད་པ་ལྟར་“རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་མ་ཡིན་”པར་“བོད་མི་རིགས་ཀྱི་ཆགས་འཇིག་གི་གནད་དོན་ཞིག་ཆགས་ཀྱི་ཡོད་”ཅེས་བརྗོད་འདུག

ལོ་སྔོན་མའི་ཕྱི་ཟླ་༡༢ པའི་ཚེས་༢༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་ལ་འཚམས་འདྲིའི་གསོལ་སྟོན་ཞིག་བཤམས་རྗེས། ཚེས་༣༠ ཉིན་ལྡི་ལིའི་རྒྱའི་གཞུང་ཚབ་ཁང་གི་ཆབ་སྲིད་སློབ་སྟོན་པ་ཀྲའོ-ཡོན་ཧྲིན་(Zhou Yongsheng) གྱིས་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་ཡི་གེ་ཞིག་བསྐུར་ནས་“བོད་རང་བཙན་”ལ་རྒྱབ་སྐྱོར་བྱེད་མི་ཉན་པའི་དགོས་འདུན་བཏོན་ཡོད་འདུག 

རྒྱའི་གཞུང་ཚབ་ཁང་གི་ཆབ་སྲིད་སློབ་སྟོན་པས་བཏང་བའི་ཡི་གེ་དེའི་ནང་། ཁོས་“ཤེས་གསལ་ལྟར། ‘བཙན་བྱོལ་བོད་གཞུང་’ཟེར་བ་དེ་ཁ་བྲལ་བའི་ཆབ་སྲིད་ཚོགས་པ་ཞིག་དང་། རྒྱ་ནག་གི་རྩ་ཁྲིམས་དང་ཡོངས་སུ་འགལ་བའི་ཁྲིམས་འགལ་གྱི་ཚོགས་པ་ཞིག་རེད། དེ་འཛམ་གླིང་གི་རྒྱལ་ཁབ་སུ་གཅིག་གིས་ཀྱང་ངོས་འཛིན་བྱེད་ཀྱི་མེད་”ཅེས་བཤད་ཡོད་འདུག

ཕྱི་ལོ་༢༠༢༢ ལོའི་ཕྱི་ཟླ་༡ ཚེས་༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ལྡི་ལིའི་རྒྱའི་གཞུང་ཚབ་ཁང་གི་བྱ་སྤྱོད་དེར་དགག་ལན་གྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། “རྒྱ་ནག་གཞུང་ནས་ད་བར་དེ་འདྲ་བའི་བྱེད་སྟངས་མང་པོ་ཞིག་བྱས་ཡོད་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་ད་རེས་རྒྱ་ནག་གཞུང་གི་བྱེད་སྟངས་དེ་ཧང་སངས་དགོས་པའི་གནད་དོན་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་”ཅེས་བསྒྲགས་པའི་ཁར། “རྒྱ་གཞུང་ནས་སླར་ཡང་’བོད་མིའི་སྒྲིག་འཛུགས་ནི་ཁ་བྲལ་བ་’རེད་ཅེས་བརྗོད་ཡོད་ཀྱང་། དོན་དངོས་སུ་བོད་མིའི་སྒྲིག་འཛུགས་ནི་བོད་དང་། འཛམ་གླིང་གང་སར་གནས་པའི་བོད་མིའི་ཁྲིམས་མཐུན་གྱི་མགྲིན་ཚབ་པ་ཞིག་ཡིན་”ཞེས་བསྣན་འདུག 

བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ནི། ཕྱི་ལོ་༡༩༥༩ ལོར་རྒྱ་ནག་གིས་རྒྱ་ནག་རང་གི་བཙན་འོག་ནས་བཞག་པའི་༡༩༥༡ ལོའི་ཆིངས་ཡིག་དོན་ཚན་༡༧ རྩིས་མེད་རྡོག་རོལ་གྱིས་ལྷ་སར་དྲག་གནོན་བྱས་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧གོང་ས་མཆོག་ཁྱིམ་མཚེས་རྒྱ་གར་ལ་བཙོན་བྱོལ་དུ་ཕེབས་རྗེས། ཁོང་གི་བླ་ན་མེད་པའི་དབུ་ཁྲིད་དང་། ལམ་སྟོན་གྱི་འོག་ནས་བོད་རྒྱལ་ཁབ་ཆེན་པོའི་སྲིད་གཞུང་རྙིང་པ་རྒྱུན་འཛིན་གནང་བ་ཞིག་ཆགས་ཡོད་ཅིང་། དེ་ནི་བོད་མི་ས་ཡ་དྲུག་གིས་སོ་སོའི་སྲིད་གཞུང་དངོས་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། 

དེ་མིན་ད་དུང་། ཕྱི་ལོ་༢༠༢༠ ལོའི་ཕྱི་ཟླ་༡༢ ཀྱི་ཟླ་སྨད་ལ་ཨ་རིའི་སྲིད་འཛིན་གོང་མ་ཊོམ་གྱིས་ཨ་རིའི་ཁྲིམས་སུ་གཏན་ལ་ཕབ་པའི་༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་(Tibetan Policy and Support Act of 2020) ཀྱི་ནང་དུ། “བོད་མིའི་སྒྲིག་འཛུགས་ནི་ཁྲིམས་མཐུན་གྱི་སྒྲིག་འཛུགས་ཤིག་ཡིན་པ་དང་། སྒྲིག་འཛུགས་དེས་འཛམ་གླིང་ཡོངས་ཀྱི་བཙན་བྱོལ་བོད་མི་ཚོའི་མངོན་འདོད་མཚོན་གྱི་ཡོད་པའི་ངོས་འཛིན་བྱས་”ཡོད་པ་རེད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།