བོད་མི་ཚོས་གླུ་བ་ཁོ་བསྟན་“སྐྱེ་བ་རྗེས་མར་ཡང་བོད་དུ་སྐྱེ་བའི་”བསྔོ་སྨོན་བྱེད་ཀྱིན་འདུག

བོད་ཀྱི་གླུ་བ་ཁོ་བསྟན་ལགས་གྲོངས་པའི་གནས་ཚུལ་ཞིག་ཐོན་རྗེས། བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཐོག་ནས་ཁོང་གློ་བུར་དུ་གྲོངས་པར་ཕངས་སེམས་དང་མྱ་ངན་བྱེད་པ་དང་འབྲེལ། ཁོང་གི་བརྩམས་པའི་གཞས་ཚིག་ཅིག་ལྟར་ཁོང་“སྐྱེ་བ་རྗེས་མར་ཡང་བོད་དུ་སྐྱེ་བའི་”བསྔོ་སྨོན་བྱེད་ཀྱིན་འདུག
ཁ་སང་ཕྱི་དྲོར་བོད་ཀྱི་གླུ་བ་དང་གཞས་ཚིག་རྩོམ་པ་པོ་གྲགས་ཅན་ཁོ་བསྟན་ལགས་སྐུ་གྲོངས་པའི་གནས་ཚུལ་ཞིག་ཐོན་རྗེས། བོད་མི་ཚོས་ངོ་དེབ་ཀྱིས་མཚོན་པའི་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁོང་གི་འདྲ་པར་དང་གླུ་གཞས་བཞག་སྟེ་ཁོང་འཇིག་རྟེན་ནས་བཞུད་པར་ཕངས་སེམས་དང་མྱ་ངན་ཞུ་བཞིན་འདུག
ཕ་ཡུལ་ཨ་མདོ་བླ་བྲང་ནས་ཡིན་པའི་གླུ་བ་ཁོང་གིས་བོད་མི་རིགས་ཀྱི་དཀའ་སྡུག་དང་། ལས་དབང་མཚོན་པའི་གཞས་ཚིག་གོ་བདེར་བརྩམས་ནས་སྙན་འཇིབས་ཀྱི་དབྱངས་རྟར་དྲངས་པ་དེས། བོད་མི་ཚོའི་སེམས་ཁོངས་སུ་བརྗེད་དུ་མེད་པའི་བག་ཆགས་ཟབ་མོ་ཞིག་བཞག་སྟེ། མདོ་དབུས་ཁམས་གསུམ་གྱི་བོད་མི་ཚོས་ཁོང་དང་ཁོང་གི་གླུ་གཞས་ལ་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད།
ད་ལྟའི་ཆར་ཁོང་དེ་ལྟར་གློ་བུར་དུ་གྲོངས་པའི་རྒྱུ་རྐྱེན་གང་ཡིན་གསལ་པོ་ཞིག་ཆགས་མེད་རུང་།བོད་ཕྱི་ནང་གཉིས་ཀ་ནས་ཕངས་སེམས་ཆེན་པོས་སྒྱུ་རྩལ་ཁོང་སྐུ་གྲོངས་པར་ལ་མྱ་ངན་ཞུ་བཞིན་འདུག
ངོ་དེབ་ཐོག་ཏུ་བོད་མི་གཅིག་གིས་གླུ་བ་ཁོང་གི་གླུ་གཞས་ཤིག་བཞག་པའི་ཐོག “བོད་ཀྱི་གཞས་པ་ལ་རྒྱ་ཅན་ཁོ་བསྟན་གློ་བུར་ཏུ་བཞུད་པར་སེམས་པ་གཏིང་མྱ་ངན་ཞུ་”བྲིས་འདུག་ལ། གཞན་ཞིག་གིས་“ཁོང་ནི་བོད་ལ་ཁ་སེམས་གཏིང་ནས་དཀར་མཁན་ཞིག་དང་ལར་ཞེན་གྱི་སེམས་པ་རྨང་ནས་བརྟན་མཁན་ཞིག་ཡིན་”བྲིས་འདུག དེ་བཞིན་མང་པོ་ཞིག་གིས་“སྐྱེ་བ་རྗེས་མར་ཡང་བོད་དུ་སྐྱེ་བར་ཤོག་”ཅེས་བསྔོ་སྨོན་བྱེད་ཀྱིན་འདུག
གླུ་བ་ཁོ་བསྟན་གྱི་གླུ་གཞས་དག་གི་ཁྲོད་ནས། བོད་མི་ཚོའི་སེམས་ཁོངས་སུ་བག་ཆགས་ཆེ་ཤོས་འཇོག་བྱེད་དམ་དགའ་མོས་ཆེན་པོ་བྱེད་སའི་གླུ་གཞས་གཉིས་ནི། <<ཁྱོད་ཀྱི་བདེ་སྐྱིད་དང་ང་ཡི་སྡུག་བསྔལ།>>དང་། <<སྐྱེ་བ་རྗེས་མར་ཡང་བོད་དུ་སྐྱེ་བར་ཤོག>>ཞེས་པ་གཉིས་ཡིན་ཞིང་། གླུ་གཞས་འདི་གཉིས་ཀྱི་ནང་དུ་བོད་ལ་བཅངས་པའི་ལ་རྒྱ་དང་བརྩེ་སེམས་ཟབ་མོ་དང་། བོད་ཀྱི་ལས་དབང་བརྗོད་ཡོད། །

གསར་འགོད་པ་དཀོན་མཆོག་རབ་བརྟན།