བོད་མི་ཞིག་ལ་རྒྱ་གར་བ་ཁག་ཅིག་གིས་རུབ་རྡུང་བྱས་ནས་ནད་པ་བཟོས་འདུག
ཟླ་༡༢ པའི་ཚེས་༡༤ ཉིན་གྱི་དགོང་མོར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁང་གི་ལས་བྱེད་ལོ་རྒན་པ་ཞིག གངས་སྐྱིད་དུ་ཡོད་པའི་ཟ་ཁང་ཞིག་དུ་རང་གི་བཟའ་ཟླ་བསུ་སར་འགྲོ་སྐབས། གངས་སྐྱིད་ཀྱི་ཁང་བརྩེགས་གསར་པའི་འགྲམ་དུ་རྒྱ་ར་གྱི་གླ་འཁོར་གཏོང་མཁན་ཚུད་པའི་མི་༡༢ ཙམ་གྱིས་རུབ་རྡུང་བྱས་འདུག སྐབས་དེར་ཁོང་དྲན་པོ་འཐོར་འདུག་པས། རྒྱ་གར་བ་དེ་ཚོ་བྲོས་སོང་འདུག ཁོང་གི་རྐང་པ་ཞིག་དང་སྣ་ཁུག་གི་རུས་པར་ཆགས་སྐྱོན་ཕོག་ནས། སྨན་ཁང་གསུམ་ལ་འགྲོ་དགོས་འཁེལ་ཡོད་པ་དང་། ད་ལྟའི་ཆར་ཁྱིམ་དུ་ནད་གསོ་བྱེད་བཞིན་འདུག
འདི་གའི་གསར་འགོད་པས་རྡ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལ་གནད་དོན་དེའི་སྐོར་སྐད་ཆ་དྲིས་སྐབས། ཁོང་གིས་གནད་དོན་དེ་ལྷག་པའི་ཉིན་རྗེས་མ་དེའི་ཉིན་གུང་ཙམ་ལ། ཁོང་ལ་དེའི་སྐོར་ཁ་པར་འབྱོར་ཡོད་པ་དང་། རྡུང་རྡེག་ཕོག་མཁན་བོད་མི་དེ་ཡང་བདེ་ལེགས་སྨན་ཁང་དུ་བསྐྱལ་ཟིན་ཡོད་འདུག དེ་མ་ཐག་ཁོང་གིས་ཉེན་རྟོག་པ་དང་རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་བཅས་ལ་ཁ་པར་བཏང་ནས་སྨན་ཁང་ཕྱིན་འདུག སྨན་ཁང་དུ་ཉེན་རྟོག་པ་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི། དེ་བཞིན་ས་གནས་འགོ་འཛིན་ཟླ་བ་རིན་ཆེན། རྡུང་རྡེག་ཕོག་མཁན་སྲིད་ཞུ་བ་དེའི་འབྲེལ་ཡོད་ལས་བྱེད་ཁག་ཅིག་བཅས་སླེབས་ནས། ཉེན་རྟོག་པར་གནས་ཚུལ་ཐོ་འགོད་བྱས་ཟིན་ནས་གནད་དོན་དེ་བརྟག་དཔྱད་བྱེད་འགོ་བཙུགས་ཟིན་ཡང་། ད་དུང་རྡུང་རྡེག་བྱེད་མཁན་འཇུ་བཟུང་བྱས་པའི་གནས་ཚུལ་ཐོན་མི་འདུག
ཁོང་གི་བཟའ་ཟླས་ཁོང་ལ་རྡུང་རྡེག་གཏོང་མཁན་གྱི་རྒྱ་གར་བ་དེ་ཚོའི་གླ་འཁོར་གཉིས་ཀྱི་ཨང་གྲངས་པར་བརྒྱབ་འདུག་པ་དང་། ད་ལྟའི་ཆར་ཨང་གྲངས་དེ་གཉིས་དང་གླ་འཁོར་བ་ཞིག་གི་པར་དྲ་ལམ་ཁག་ཏུ་ཁྱབ་བཞིན་འདུག
ཉེན་རྟོག་པར་གླ་འཁོར་ཨང་གྲངས་དང་གངས་སྐྱིད་གཡས་གཡོན་ལ་ཡོད་པའི་ལྟ་སྲུང་བརྙན་ཆས་ལས། མི་དེ་དག་གིས་ཁོང་ལ་རྡུང་རྡེག་བཏང་བ་དང་། རྗེས་སུ་མི་ཁག་ཅིག་གླ་འཁོར་ཞིག་ནང་བྲོས་པ་དང་། ཁག་ཅིག་གནས་ཆུང་བརྒྱབ་ནས་བྲོས་ཕྱིན་པ་མཐོང་རྒྱུ་ཡོད་ཀྱང་། ད་ལྟའི་ཆར་ཉེན་རྟོག་པས་མི་གཅིག་ཀྱང་འཇུ་བཟུང་བྱས་མེད་པ་རེད་འདུག
གནས་ཚུལ་དེ་ལ་རྒྱུས་ཡོད་གཅིག་གིས་བརྗོད་དོན་ལྟར་ན། རྡུང་རྡེག་ཕོག་མཁན་བོད་མི་དེ་རྒྱུན་དུ་དགོང་མར་བཟའ་ཟླ་བསུ་སར་འགྲོ་གི་ཡོད་པ་དང་། དེ་སྔོན་ཐེངས་གཅིག་རྒྱ་གར་གླ་འཁོར་ནང་ཡོད་མཁན་ཁག་ཅིག་གིས་བརྙས་བརྐོས་ཡོད་ཀྱང་། ཡ་མེད་བཏང་ནས་མགྱོགས་པོ་ཕྱིན་ཡོད་འདུག ཐེངས་འདིར་རང་ཉིད་གློག་བཞུ་འཁྱེར་ནས་བཟའ་ཟླ་ལེན་དུ་འགྲོ་སྐབས། ག་རེ་བྱས་ནས་བརྡུང་བ་ཡིན་པ་ཤེས་ཀྱི་མེད་འདུག ཁོང་གིས་བཟའ་ཟླ་ལ་ཁག་ཅིག་གིས་ཁོང་གི་གློག་ཞུའི་འོད་དེ་རྒྱ་གར་བའི་གདོང་ལ་ཕོག་སྐབས། ཁོ་ཚོས་རྡུང་རྡེག་བཏང་བ་ཡིན་སྐོར་བརྗོད་མཁན་བྱུང་འདུག་ཀྱང་། ད་ལྟའི་ཆར་རྡུང་རྡེག་གཏོང་མཁན་འཇུ་བཟུང་བྱས་མེད་པས། གནད་དོན་ཆུང་ཆུང་འདི་འདྲ་ཞིག་གི་ཐོག་ལ། ཁོང་ལ་རུབ་རྡུང་བྱས་པ་བདེན་པ་ཡིན་མིན་ཤེས་ཐབས་བྲལ་བ་རེད་འདུག
བལྟ་སྲུང་བརྙན་ཆས་ནང་རྒྱ་གར་བ་དེ་ཚོའི་ལག་ཏུ་ཨ་རག་ཤེལ་དམ་ཡོད་པ་མངོན་གྱི་འདུག་པས། སྐབས་དེར་ཁོ་ཚོ་གངས་སྐྱིད་ཀྱི་ནང་དུ་ཨ་རག་འཐུང་ནས་བསྡད་ཡོད་པ་གསལ་པོ་རེད་འདུག དེ་བཞིན་དྲ་ལམ་ཁག་ཏུ་རྒྱུན་དུ་མཚན་མོར། གངས་སྐྱིད་ར་བའི་ནང་དུ་རྒྱ་གར་གླ་འཁོར་གཏོང་མཁན་ཁག་ཅིག གླ་འཁོར་ནང་དུ་ཆང་རག་སོགས་འཐུང་ནས་བསྡད་ཀྱི་ཡོད་པ་དང་། སྐབས་རེ་བུད་མེད་ཁེར་རྐྱང་འགྲོ་མཁན་བརྙས་བཅོས་ཀྱི་ཚིག་བེད་སྤྱད་པའི་གནས་ཚུལ་ཡང་འབྱུང་གི་ཡོད་སྐོར་གྱི་གནས་ཚུལ་བཀོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།