བོད་མིའི་ཐུགས་རྗེ་ཆེ་ཞུའི་ལས་འགུལ་ཐོག་རྒྱ་གར་གྱི་དཔོན་རིགས་རྣམས་ལ་བཀའ་རྒྱ།

བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྐབས། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཧ་ཅང་ཚོར་བ་སྐྱེན་པོ་ཆགས་ངེས་པ་ཡིན་སྟབས། རྒྱ་གར་དབུས་དང་མངའ་སྡེའི་དཔོན་རིགས་རྣམས་དང་ལས་བྱེད་བཅས་ལས་འགུལ་ནང་མཉམ་ཞུགས་བྱ་མི་ཆོག་པའི་བཀའ་རྒྱ་ཞིག་བཏང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢ ཉིན་རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་ཕྱི་འབྲེལ་དྲུང་ཆེ་ཝཱི་ཇེས་གྷོ་ཁ་ལེས་(Vijay Gokhale) ཕྱི་ཟླ་༢ པའི་ཚེས་༢༢ ཉིན་རྒྱ་གར་གྱི་བཀའ་དྲུང་སཱིན་ཧཱ་པེ་ཀེ་(P K Sinha) ལ་བཀའ་རྒྱའི་ངོ་བཤུས་ཤིག་བཏང་ཡོད་འདུག་ཅིང་། དེའི་ནང་ཕྱི་ཟླ་༣ པའི་ཟླ་མཇུག་དང་ཕྱི་ཟླ་༤ པའི་མགོ་སྟོད་དུ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་སྐབས། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐད་ཧ་ཅང་ཚོར་བ་སྐྱེན་པའི་དུས་སྐབས་ཤིག་ཏུ་གྱུར་ངེས་ཡིན་སྟབས། རྒྱ་གར་དབུས་དང་མངའ་སྡེ་གཉིས་ཀའི་མཐོ་རིམ་དཔོན་རིགས་རྣམས་དང་གཞུང་གི་ལས་བྱེད་རྣམས་ལ་མཉམ་ཞུགས་བྱ་ཕྱིར་མགྲོན་ཤོག་འབྱོར་ཚེ་ངོས་ལེན་བྱེད་མི་རུང་བ་མ་ཟད། གཏན་ནས་འཛུལ་ཞུགས་བྱེད་མི་ཉན་པ་ཞིག་ཡིན་སྐོར་འཁོད་ཡོད་འདུག

དེ་བཞིན་གནད་དོན་དེ་དང་འབྲེལ་ནས་ཕྱི་འབྲེལ་ལས་དོན་ལྷན་ཁང་གིས་བསྒྲགས་གཏམ་ཤིག་སྤེལ་བའི་ནང་། ༧གོང་ས་མཆོག་ལ་འཛིན་པའི་རྒྱ་གར་གྱི་ལྟ་སྟངས་ནི་གསལ་པོ་དང་འགྱུར་བ་མེད་པ་ཞིག་ཡིན་ཁར། ཁོང་ནི་བཀུར་བར་འོས་པའི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་དང་རྒྱ་གར་མི་མང་གིས་ཤིན་ཏུ་གུས་བཀུར་ཞུ་ཡུལ་ཡིན་པ་མ་ཟད། ཁོང་ལ་རྒྱ་གར་ནང་ཆོས་ལུགས་དང་འབྲེལ་བའི་མཛད་འཕྲིན་བསྐྱང་རྒྱུའི་རང་དབང་ཕུལ་ཡོད་སྐོར་འཁོད་ཡོད་འདུག

ཕྱི་ལོ་༡༩༥༩ ཟླ་༣ ཚེས་༣༡ ཉིན་༧གོང་ས་མཆོག་རྒྱ་གར་གྱི་ས་ཐོག་ཏུ་བཙན་བྱོལ་བའི་ངོ་བོའི་ཐོག་ནས་ཕེབས་འབྱོར་གནང་སྟེ། འདི་ལོའི་ཕྱི་ཟླ་༣ ཚེས་༣༡ ཉིན་ལོ་༦༠ འཁོར་གྱི་ཡོད་པ་དང་བསྟུན། བོད་མི་སྒྲིག་འཛུགས་ཀྱིས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་འགོ་འཛུགས་རྒྱུ་ཡིན་པ་དང་། ལས་འགུལ་དེ་རྒྱ་གར་གྱི་མེས་པོ་དམ་པ་གཱན་དྷི་ཡི་སྐུ་གདུང་བཞུགས་གནས་རཱཇ་གྷཌ་(Rajghat) ས་གནས་སུ་༧གོང་ས་མཆོག་དབུ་བཞུགས་ཐོག ཆོས་ལུགས་འདྲ་མིན་གྱི་བླ་ཆེན་ཁག་ཅིག་ལྷན་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་རྗེས་དངོས་སུ་དབུ་འཛུགས་བྱ་རྒྱུ་ཡིན་པ་རེད།

རྒྱ་ནག་གཞུང་གིས་ནམ་རྒྱུན་ནས་ཕྱི་རྒྱལ་གྱི་མཐོ་རིམ་དཔོན་རིགས་རྣམས་དང་༧གོང་ས་མཆོག་བར་གྱི་མཇལ་འཕྲད་ལ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་བཀག་འགོག་བྱས་དང་བྱེད་མུས་ཡིན་པ་རེད། །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།