བོད་མིའི་སྤྱི་ཚོགས་ནང་ལོ་ན་༡༧ མན་ཆད་ལ་ཏོག་ནད་ཕོག་མཁན་མང་དུ་འགྲོ་བཞིན་ཡོད་འདུག

ཟླ་༩ ཚེས་༡༡ བར་ལ་བལ་ཡུལ་དང་རྒྱ་གར་ནང་ཏོག་དབྱིབས་ནད་པ་༥༠ ཙམ་ལས་མེད་ནའང་ཚེས་༡༥ ནས་༢༣ བར་རྒྱ་གར་དང་བལ་ཡུལ་ནང་ནད་པ་བོད་མི་གྲངས་༡༥༠ ཆགས་ཡོད་འདུག དེ་དག་གི་ཁོངས་ནས་མི་གྲངས་༨༨ ཙམ་རྡ་ས་ཁུལ་ནས་ཡིན་པ་དང་། དེ་བཞིན་ནད་རྟགས་ཐོན་པའི་ཁོངས་སུ་རང་ལོ་༡༧ མན་མང་བ་འདུག དེ་སྔ་ཡིན་ན་ཕྲུ་གུ་ཆུང་ཆུང་ལ་ནད་རྟགས་ཐོན་པ་ཧ་ཅང་དཀོན་པོ་ཡིན་པ་རེད།

ཟླ་༩ པའི་ཚེས་༢༣  ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་༧༨ པ་དེ་སྤེལ་ཡོད་པ་རེད། དབུས་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ཀྱིས་གསུངས་པ་ལྟར་ན། འདས་པའི་ཟླ་བ་གཅིག་ཙམ་གྱི་ནང་དབུས་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གིས་ས་བགོས་བྱས་ཏེ། རྒྱ་གར་རྒྱལ་ཡོངས་ནང་བོད་མི་འདུས་སྡོད་ཁ་འཐོར་དང་གཞིས་ཆགས་ཁག་ཡོངས་ལ་དེ་སྔ་གནས་སྟངས་དང། ད་ལྟའི་གནས་སྟངས། མ་འོངས་པར་ནད་རླབས་གསུམ་པ་ཞིག་སླེབ་པ་ཡིན་ན་གྲ་སྒྲིག་གང་འདྲ་འདུག དེ་དག་རྟོག་ཞིབ་སླད་ས་ཁུལ་ཡོངས་ལ་སྐོར་བསྐྱོད་དུ་ཕྱིན་པ་རེད། རྟོག་ཞིབ་སྐབས་མི་ཆའི་གནས་སྟངས་དང་། དངོས་པོའི་མཐུན་རྐྱེན་གང་འདྲ་འདུག་རྟོག་ཞིབ་བྱས་པ་རེད། རུ་ཁག་གཅིག་གིས་རྒྱ་གར་བྱང་ཤར་ཁུལ་དང་། དབུས་ཀྱི་གཞིས་ཆགས་ཁག་གསུམ། ལྡི་ལི་བཅས་ལ་རྟོག་ཞིབ་བྱས་པ་དང་། དེ་བཞིན་རུ་ཁག་གཅིག་ཧི་མ་ཅཱལ་མངའ་སྡེའི་ནང་ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་དང་། དགོན་སྡེ། གཞིས་ཆགས་བཅས་ལ་རྟོག་ཞིབ་བྱས་པ་རེད། ཕྱོགས་མཚུངས་རུ་ཁག་གཅིག་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ལྔ་ལ་རྟོག་ཞིབ་བྱས་པ་རེད།སྲིད་སྐྱོང་གཙོས་ལས་བྱེད་ཁག་གཅིག་གིས་ལ་དྭགས་ཁུལ་དུ་གཟིགས་ཞིབ་གནང་སྟེ་ཚུར་འབྱོར་ཡོད་པ་རེད།

ཟླ་༩ ཚེས་༡༡ ནང་བལ་ཡུལ་དང་རྒྱ་གར་ནང་ཏོག་དབྱིབས་ནད་པ་༥༠ ཙམ་ལས་མེད་ནའང་ཟླ་བ་འདིའི་ཚེས་༡༥ ནས་ད་བར་རྒྱ་གར་དང་བལ་ཡུལ་ནང་ནད་རྟགས་ཡོད་པའི་བོད་མི་གྲངས་༡༥༠ ཙམ་འདུག དེ་དག་གི་ཁོངས་ནས་མི་གྲངས་༨༨ ཙམ་རྡ་ས་ཁུལ་ནས་ཡིན་པ་དང་། ད་ལྟའི་ཆར་གངས་སྐྱིད་དང་། ནོར་གླིང། རྡ་སྟེང་བོད་ཁྱིམ། མེ་གྷན་བཅས་ནས་ནད་པ་འཐོན་ཡོང་གི་ཡོད་པ་དང་། ནད་རྟགས་ཐོན་པ་རྣམས་འགོག་དབྱེ་ཟུར་འཇོག་ཁང་དུ་སྐྱེལ་གྱི་ཡོད་པ་རེད། ད་ཆ་དབུས་སྣེ་ལེན་འབྲེལ་མཐུད་ཁང་དུ་ནད་པ་གྲངས་༤༠ ཙམ་ཡོད་པ་དང་། ཁོང་ཚོར་བདེ་ལེགས་སྨན་ཁང་ནས་ཞལ་ལག་དང་སྨན་པ། དེ་བཞིན་སྨན་གྱི་མཐུན་རྐྱེན་སྦྱོར་བཞིན་ཡོད་པ་རེད། བོད་ཀྱི་སྨན་རྩིས་ཁང་ནས་བོད་སྨན་གྱི་སྨན་པ་དང་ནད་པ་མྱུར་སྐྱོབ་རླངས་འཁོར་སོགས་ཀྱི་མཐུན་རྐྱེན་སྦྱོར་བཞིན་ཡོད་པ་དང། ད་རེས་ནད་རྟགས་ཐོན་པའི་ཁོངས་ཕྲུ་གུ་རང་ལོ་༡༧ མན་མང་བ་འདུག 

བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལ་མཚོན་ན་སྲིད་སྐྱོང་གིས་ལམ་སྟོན་རབ་དང་རིམ་པ་གནང་བ་ཙམ་དུ་མ་ཟད། བཀའ་བསྡུར་རབ་དང་རིམ་པ་བྱུང་།  བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཡོངས་དང་། ལྷག་པར་རྡ་སར་གནས་སྡོད་བོད་མི་ཡོངས་ལ་ཞུ་རྒྱུར། ཟླ་བ་གཅིག་ཙམ་གྱི་རིང་ཟ་ཁང་དང་། འདུ་འཛོམས་ཆེ་ས། གློག་བརྙན་ཁང་། ཁྲོམ་ར་ཆེན་པོའི་ནང་རྩ་བ་ཉིད་ནས་མ་བསྐྱོད་རོགས། དབུས་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་རྡ་ས་ས་གནས་འགོ་འཛིན་མཉམ་འབྲེལ་ཐོག་སྐབས་སྐབས་སུ་སྐོར་བསྐྱོད་ཀྱི་འཆར་གཞི་ཞིག་སྒྲིག་བཞིན་ཡོད་པ་རེད།

ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་སྙན་ཐོའི་སྐོར་གསུང་དོན།  འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་༩ དང་། བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་༢ བཅས་ཁྱོན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་༡༡ ནང་གི་བོད་མི་རང་ཁྱིམ་དུ་མི་གྲངས་༡༩༥ དང་། ཚོགས་སྡེ་ཁག་གི་མཐུན་འགྱུར་འོག་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་༣༤༡ བཅས་ཁྱོན་བསྡོམས་བོད་མི་གྲངས་༥༣༦ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད་པ་རེད།

ད་བར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་བོད་ཀྱི་སྨན་རྩིས་ཁང་ནས་གསོ་རིག་ལུས་སེམས་ནུས་གསོའི་སྨན་ཁྱོན་བསྡོམས་མི་གྲངས་༥༢༨༡༣ ལ་རིན་མེད་བགོ་འགྲེམས་གནང་ཡོད། ནད་ཡམས་ཁྱབ་བརྡལ་སྔོན་འགོག་སླད་བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་ས་གནས་གྲངས་༡༣ དང་བལ་ཡུལ་ནང་གི་ས་གནས་གྲངས་༢ བཅས་ཀྱི་བོད་མི་གྲངས་༡༢༨༤ ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད། དེ་བཞིན་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་པ་ནས་བཟུང་ད་བར་རྒྱ་གར་ནང་གི་བོད་མི་ལོ་ན་༡༨ ཡན་གྲངས་༣༦༩༩༩ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀར་བརྒྱབ་ཟིན་པ་དང་། མི་གྲངས་༡༣༦༤༩ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན།  ཕྱོགས་མཚུངས་བལ་ཡུལ་ནང་གི་བོད་མི་གྲངས་༥༣༣ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན་པ་དང་མི་གྲངས་༣༡༩༡ ལ་སྔོན་འགོག་སྨན་ཁབ་ཆ་ཚང་ཐོབ་ཡོད་འདུག

འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་གི་བོད་མི་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་༡༠༤ བྱུང་ཡོད་པ་ལས་སྐྱེས་པ་གྲངས་༥༨ དང་། བུད་མེད་གྲངས་༤༦། དེའི་ནང་ནས་དགུང་ན་མཐོ་ཤོས་དེ་༩༥ དང་ཆུང་ཤོས་དེ་བྱིས་པ་ལོ་༢  ཡིན། ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིར་ནད་གཞི་ཕོག་པ་ཁྱོན་མི་གྲངས་༦༤༡༨ དང་། དྲག་སྐྱེད་བྱུང་བ་མི་གྲངས་༦༡༢༡། འདས་གྲོངས་སུ་གྱུར་བ་མི་གྲངས་༡༥༠། ད་ལྟ་ནད་མནར་གསོ་བཅོས་བྱེད་བཞིན་པ་མི་གྲངས་༡༤༧ ཡོད་འདུག

རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོལ་གྱིས་ལམ་སྟོན་གནང་དོན། སྤྱིར་འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་པ་མ་ཟད། རྒྱ་གར་ནང་དུའང་ཏོག་དབྱིབས་གཉན་རིམས་ཕོག་པའི་གྲངས་འབོར་ཉུང་དུ་ཕྱིན་ཡོད། འདས་པའི་ཆུ་ཚོད་༢༤ ནང་ནད་རྟགས་གསར་པ་འཐོན་མཁན་མི་གྲངས་༣༡༩༢༣  དང་མི་གྲངས་༢༨༢ འདས་གྲོངས་སུ་གྱུར་ཡོད། རྩ་བའི་རྒྱ་གར་ནང་ནད་ཡམས་ཀྱི་གནས་སྟངས་ཕྲན་བུ་བཟང་དུ་འགྲོ་བཞིན་ཡོད་ནའང་འདས་པའི་བདུན་ཕྲག་གཅིག་གཉིས་ནང་བཙན་བྱོལ་བོད་མི་འདུས་སྡོད་ས་ཁུལ་དཔེར་ན་རྡ་ས་ལྟ་བུར་ནད་རྟགས་གསར་པ་འཐོན་མཁན་གྱི་གྲངས་འབོར་ཕྲན་བུ་ཇེ་མང་དུ་འགྲོ་བཞིན་འདུག་ཀྱང་སྟབས་ལེགས་པ་ཞིག་ལ་ནད་གཞི་ཕོག་མཁན་རྣམས་ཀྱི་གནས་སྟངས་ཛ་དྲག་གང་ཡང་མི་འདུག་ཅེས་གསུངས་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།