བྱང་ཀོ་རེ་ཡའི་སྲིད་འཛིན་ཀེམ་ཇོང་ཨུ་རུ་སུ་ལ་དམག་དོན་ཚོང་འབྲེལ་ཆེད་དུ་འགྲོ་རྒྱུ་ཡིན་འདུག

དུས་རྒྱུན་བྱང་ཀོ་རེ་ཡའི་སྲིད་འཛིན་ཕྱི་ཕྱོགས་སུ་ལྟ་སྐོར་དུ་འགྲོ་རྒྱུ་ཧ་ཅང་དཀོན་པོ་ཡིན་ཡང་། ཟླ་བ་འདིའི་ནང་ཨུ་རུ་སུ་ལ་དམག་དོན་ཚོང་འབྲེལ་གྱི་ཆེད་དུ་ལྟ་སྐོར་འགྲོ་འཆར་ཡོད་འདུག 

ཕྱི་ཚེས་༥ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལ། ནམ་རྒྱུན་དུ་ཀེམ་ཇོང་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སུ་ལྟ་སྐོར་འགྲོ་རྒྱུ་ཧ་ཅང་དཀོན་པོ་ཡིན་ཡང། 

ཟླ་བ་འདིའི་ནང་བྱང་ཀོ་རེ་ཡའི་སྲིད་འཛིན་ཀེམ་ཇོང་ཨུ་རུ་སུ་ལ་དམག་དོན་ཚོང་འབྲེལ་གྱི་ཆེད་དུ་འགྲོ་རྒྱུ་ཡིན་པ་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་བཞིན་འདུག་ལ། བྱང་ཀོ་རེ་ཡ་དང་ཨུ་རུ་སུ་གཉིས་བར་དམག་དོན་ཚོང་འབྲེལ་བྱས་ནས་བྱང་ཀོ་རེ་ཡས་ཨུ་རུ་སུ་ལ་གོ་མཚོན་འཚོང་ཡག་ཡིན་པ་ཚོད་དཔག་བྱེད་བཞིན་འདུག གནད་དོན་དེ་ཨུ་རུ་སུའི་བདེ་སྲུང་བློན་ཆེན་ཟླ་བ་ཁ་ཤས་སྔོན་དུ་བྱང་ཀོ་རེ་ཡའི་ནང་ལྟ་སྐོར་དུ་ཕྱིན་རྗེས་བྱུང་ཡོད་འདུག ཟླ་བ་འདིའི་ནང་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ཚོགས་ཆེན་འཚོགས་ལ་ཉེ་བར་བརྟེན། འཛམ་གླིང་མི་མང་གིས་དེ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཀྱང་། ད་ཆར་ཀེམ་ཇོང་ཨུ་རུ་སུ་ལ་ལྟ་སྐོར་འགྲོ་འཆར་ཡོད་པའི་རྐྱེན་གྱིས་མི་མང་པོ་ཞིག་གིས་གནད་དོན་དེར་དོ་སྣང་ཆེན་པོ་བྱེད་དགོས་ས་ཞིག་ཆགས་བཞིན་ཡོད་འདུག རྒྱུ་མཚན་ནི་ཡུག་རེན་དང་ཨུ་རུ་སུ་གཉིས་དམག་འཁྲུག་རྒྱག་བཞིན་པའི་སྐབས་ཡིན་དུས་ཨུ་རུ་སུ་ལ་གོ་ལག་དགོས་ཀྱི་ཡོད་པར་བརྟེན། ཐེངས་འདིའི་ཨུ་རུ་སུའི་སྲིད་འཛིན་དང་བྱང་ཀོ་རི་ཡའི་སྲིད་འཛིན་གཉིས་ཐུག་འཕྲད་བྱེད་འཆར་ཡོད་པ་དེ་གནད་དོན་ཆེན་པོ་ཡིན་པ་སྲིད་དོན་དཔྱད་བརྗོད་པ་དག་གིས་བརྗོད་བཞིན་འདུག རྒྱུ་མཚན་ནི་ཨུ་རུ་སུ་ལ་གོ་ལག་བཙོངས་པ་ཡིན་ན་ཡུག་རེན་དང་ཨུ་རུ་སུ་གཉིས་ཀྱི་དམག་འཁྲུག་ད་དུང་མཇུག་སྒྲིལ་རྒྱུ་མིན་པ་དང་། དམག་འཁྲུག་དེ་ད་དུང་མཇུག་སྒྲིལ་མ་ཐུབ་ཚེ་དེའི་ཤུགས་རྐྱེན་གྱིས་འཛམ་བུ་གླིང་གི་དཔལ་འབྱོར་སྤྱི་དང་། བྱེ་བྲག་ཟ་འབྲུ་ལ་དོ་ཕོག་ཆེན་པོ་ཐེབས་བཞིན་ཡོད་འདུག གང་ཞེ་ན་ཡུག་རེན་ནས་འབྲུ་རིགས་ཕོན་ཆེན་འཛམ་གླིང་གང་སར་འཚོང་གི་ཡོད་པ་དང་། དམིགས་བསལ་ཨེ་ཤི་ཡ་དང་ཨ་ཧྥི་རི་ཀའི་གླིང་ཆེན་ལ་ཕོན་ཆེན་འཚོང་གི་ཡོད་འདུག་ཀྱང་། ད་ཆར་དམག་འཁྲུག་གིས་རྐྱེན་པའི་ཟ་འབྲུ་དབོར་འདྲེན་བྱེད་རྒྱུ་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག ཨ་རིའི་ནིའུ་ཡོག་གསར་ཤོག་ཐོག་གནས་ཚུལ་ཐོན་གསལ་ལ་ལྟར་ན་ཀེམ་ཇོང་བྱང་ཀོ་རེ་ཡའི་ས་ཆ་ (Pyongyang)ཟེར་བ་ནས་ཨུ་རུ་སུའི་མཚོ་འགྲམ་གྱི་ས་ཆ་(Vladivostok)བར་མེ་འཁོར་ནང་འགྲོ་རྒྱུ་ཡིན་པར་བརྗོད་འདུག་ལ། འགོ་ཁྲིད་གཉིས་ཀྱིས་གོ་ལག་ཚོང་འབྲེལ་གནད་དོན་ཐོག་གྲོས་མོལ་བྱེད་རྒྱུ་ཡིན་པར་བརྗོད་འདུག ཨ་རིའི་གཞུང་གིས་གནད་དོན་དེའི་ཐོག་ལ་སེམས་འཚབ་ཡོད་པར་བརྗོད་འདུག་པ་དང་། ཨུ་རུ་སུའི་བདེ་སྲུང་བློན་ཆེན་གྱིས་བརྗོད་དོན་ལ་ཨུ་རུ་སུའི་ནང་བཤད་སྲོལ་ཞིག་ལ་ཁྱོད་ཀྱི་ཁྱིམ་མཚེས་ནི་ཁྱོད་ཀྱིས་བདམས་པ་མ་ཡིན་པར་བརྟེན། ཁྱོད་རང་ཉིད་རང་གི་ཁྱིམ་མཚེས་དང་ལྷན་དུ་འཆམ་པོ་དང་མཐུན་པོ་བྱས་ནས་སྡོད་དགོས་བཤད་སྲོལ་ཡོད་པ་བཞིན་ཨུ་རུ་སུ་དང་བྱང་ཀོ་རེ་ཡ་གཉིས་འཆམ་པོ་བྱེད་ཀྱི་རེད་ཅེས་བརྗོད་འདུག ཡང་གསར་འགོད་པས་ཨུ་རུ་སུ་དང་བྱང་ཀོ་རེ་ཡ། དེ་བཞིན་རྒྱ་ནག་གསུམ་དམག་སྦྱོང་བྱེད་འཆར་ཡོད་དམ་ཞེས་འདྲི་དུས། བྱེད་རྒྱུའི་གྲོས་བསྡུར་བྱུང་ཞེས་བརྗོད་ཡོད་འདུག ཨུ་རུ་སུའི་བདེ་སྲུང་བློན་ཆེན་ཟླ་བ་འགའ་ཤས་སྔོན་དུ་བྱང་ཀོ་རེ་ཡ་དང་ལྷོ་ཀོ་རེ་ཡ་གཉིས་དམག་འཁྲུག་མཇུག་བསྒྲིལ་ནས་ལོ་ངོ་༧༠ འཁོར་བའི་དུས་དྲན་ཐོག་ཕྱིན་ཡོད་པ་དང་། སྐབས་དེ་དུས་ནས་ཨུ་རུ་སུ་དང་བྱང་ཀོ་རེ་ཡ་གཉིས་བར་དམག་དོན་ཚོང་འབྲེལ་བྱེད་རྒྱུའི་འཆར་གཞི་བཞག་ཡོད་པ་ལྷོ་ཀོ་རེ་ཡའི་གསང་བའི་ལས་ཁུངས་ཀྱིས་བརྗོད་ཡོད་འདུག ཉེ་ཆར་གཟའ་སྤེན་པའི་ཉིན་བྱང་ཀོ་རེ་ཡའི་ནང་ཡོད་པའི་ཨུ་རུ་སུའི་གཞུང་ཚབ་པས་བརྗོད་དོན། ངས་ཨུ་རུ་སུ་དང་བྱང་ཀོ་རེ་ཡ་། རྒྱ་ནག་བཅས་གསུམ་གྱི་དམག་སྦྱོང་བྱེད་འཆར་ཡོད་པ་གོ་རྟོགས་མ་བྱུང་ཡང་རྒྱལ་ཁབ་གསུམ་པོ་དམག་སྦྱོང་བྱས་ན་ཡག་པོ་འདུག རྒྱུ་མཚན་ནི་ཨ་རིས་མངའ་ཁུལ་དེ་དག་གི་བརྟན་ལྷིང་ལ་དོ་ཕོག་གཏོང་གི་འདུག་བརྗོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།