མ་ཤེས་ཤེས་མདོག་ངོ་ཚའི་རྒྱུ།
(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༩༩༤)
ད་ལྟའི་དུས་འདིར་བཙན་བྱོལ་བོད་པའི་ཆབ་སྲིད་ཀྱི་འགོ་ཁྲིད་རེ་ཟུང་གིས་ཐམས་ཅད་མཁྱེན་པ་ཡིན་པའི་རྣམ་འགྱུར་སྟོན་ཁུལ་བྱེད་བཞིན་ཡང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་དང་། བོད་ཀྱི་རིག་གནས་ཆེ་ཆུང་ཚང་མ་ཡོངས་རྫོགས་མ་ལུས་པ་ཤེས་མཁན་ཞིག་ད་ལྟའི་ཆར་མེད་པས། ཆབ་སྲིད་ཀྱི་འགོ་ཁྲིད་ཅིག་གིས་དེ་དག་ཚང་མ་ཤེས་མི་དགོས་ལ། ཤེས་ཐུབ་ཐབས་མེད་པའང་དོན་དངོས་རེད། ད་ལྟ་ཁ་ཚ་དགོས་གཏུག་གི་ཐོག་ནས་ཆབ་སྲིད་ཀྱི་འགོ་ཁྲིད་ཅིག་གིས་བོད་ཕྱི་ནང་གཉིས་ཀྱི་དཀའ་ངལ་དང་དགོས་འདུན་རྣམས་རྟོགས་དགོས་པ་དང་། རྒྱལ་སྤྱིའི་སྟེང་དུ་ཚུལ་དང་མཐུན་པའི་ཞུ་གཏུག་བྱེད་ཐུབ་དགོས་པ་དེ་གཙོ་བོར་གྱུར་ཡོད། བོད་ཀྱི་རིག་གནས་ཡག་པོ་ཤེས་ཀྱི་ཡོད་པའི་རྣམ་འགྱུར་ཙམ་བསྟན་ཡང་དོན་དམ་པར་བོད་སྐད་རྒྱ་གར་ནས་བྱུང་ཚུལ་བཤད་པ་ལྟ་བུ་ལོ་རྒྱུས་ཀྱི་དོན་དངོས་གང་ཡང་མ་ཤེས་པར་ངོ་ཚ་དགོས་པའི་གནད་དོན་ཞིག་ཡིན་པ་ལས། མཁས་པའི་ལེགས་བཤད་ཅིག་གཏན་ནས་མིན་པས་མ་འོངས་པར་དེའི་རིགས་ལ་སྨྲ་བ་ཉུང་ན་མཛེས་པ་ལྟ་བུར་མཐོང་།
སྤྱིར་བོད་པའི་སྤྱི་ཚོགས་ནང་གཏམ་བཤད་བྱེད་མཁན་ཞིག་ཡིན་ན། ཚང་མར་དྲི་བ་ག་འདྲ་ཞིག་དྲིས་ཀྱང་ཤེས་ཀྱི་ཡོད་མདོག་གིས་ལན་འདེབས་པ་ལས། དྲི་བ་དེ་ངས་ཤེས་ཀྱི་མེད་ཟེར་མཁན་ཞིག་ཕལ་ཆེར་མཐོང་རྒྱུ་མེད་པ་ལྟ་བུ་རེད། དོན་དངོས་སུ་ཆོས་དང་། ཆབ་སྲིད། ཐུན་མོང་རིག་གནས་དང་བཅས་ཤེས་བྱ་ཚང་མ་སུས་ཀྱང་མི་ཤེས་མོད། ཤེས་ཀྱི་ཡོད་མདོག་སྟོན་པ་ནི་བོད་པའི་ལུགས་སྲོལ་ལྟ་བུར་གྱུར་ཡོད། གནད་དོན་ཁ་ཤས་ངས་མི་ཤེས་ཞེས་ལན་འདེབས་བྱས་བཞག་ན་དེ་ཡང་ཡར་རྒྱས་དང་བཟང་སྤྱོད་ཅིག་ཏུ་ངོས་འཛིན་བྱེད་ཆོག སྤྱིར་བོད་པའི་སྤྱི་ཚོགས་ནང་མང་པོ་ཞིག་གིས་དྲི་བའི་ཆེད་དུ་དྲི་བ་འདྲི་བ་ཙམ་ལས། ལན་གྱི་ཆེད་དུ་དྲི་བ་མེད་མཁན་ཡང་མང་པོ་ཡོད། ངས་དྲི་བ་མཁྲེགས་པོ་ཞིག་དྲིས་ཡིན། ཁོས་ལན་ཐེབས་མ་སོང་ཞེས་རྫིག་ཉམས་སྟོན་པ་ལས། ངས་དྲི་བ་དེ་དྲིས་ཡིན། ལན་གསལ་པོ་རག་སོང་ཞེས་དགའ་མདོག་བྱེད་མཁན་ཉུང་བས། བོད་པའི་གཏམ་བཤད་བྱེད་མཁན་དག་གིས་ཀྱང་ལན་ཚང་མ་ཤེས་ཀྱི་ཡོད་མདོག་སྟོན་དགོས་བྱུང་བ་ཡིན་སྲིད།
ཆབ་སྲིད་ཀྱི་འགོ་ཁྲིད་ཅིག་ལ་མཚོན་ན་ཆབ་སྲིད་ཀྱི་ཐོག་ལ་ཤེས་རྒྱ་དང་ཉམས་མྱོང་བསགས་ནས་ནུས་པ་འདོན་རྒྱུ་དང་། ཆོས་དང་རིག་གནས་ལ་མཐུན་རྐྱེན་སྦྱར་རྒྱུ་དེ་གཙོ་བོར་གྱུར་ཡོད། ཆབ་སྲིད་ཀྱི་འགོ་ཁྲིད་དག་ཆོས་དང་རིག་གནས་ལ་མཁས་པ་ཡིན་ན་གཟི་བརྗིད་ཆེ་ཡང་། རྒྱ་ཆེན་པོ་མ་ཤེས་ནའང་རང་ཉིད་ཀྱི་འགན་འཁྲི་གཏན་ནས་འཁུར་མི་ཐུབ་པ་ཞིག་མ་རེད། བོད་ཀྱི་ཆོས་དང་རིག་གནས་ལ་མཁས་པའི་མི་སྣ་མང་པོ་ཡོད་པས་བོད་ཀྱི་ཆོས་དང་རིག་གནས་རྒྱུན་འཛིན་བྱ་རྒྱུར་ཁོང་རྣམ་པས་ད་བར་འཐུས་ཤོར་བཏང་མེད། ད་ཆ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་འགོ་ཁྲིད་རྣམས་ཀྱིས་ཆབ་སྲིད་དང་དཔལ་འབྱོར་གྱི་ཐོག་ནུས་པ་འདོན་རྒྱུ་དེ་འགན་འཁྲི་གཙོ་བོ་ཡིན། བོད་ཀྱི་ཆོས་དང་རིག་གནས་ལ་འགྲན་ཟླ་བྲལ་བའི་མཁས་དབང་ཟམ་གདོང་རིན་པོ་ཆེས་ཀྱང་བོད་པའི་ཆབ་སྲིད་དང་དཔལ་འབྱོར་ལ་ནུས་པ་ཆེན་པོ་ཐོན་མེད་པ་བཞིན། བོད་ཀྱི་ཆོས་དང་རིག་གནས་ཤེས་པ་ཙམ་གྱིས་ཆབ་སྲིད་ལ་ནུས་པ་ཐོན་ཐུབ་པ་ཞིག་མིན་པས། མ་ཤེས་ཀྱང་ཤེས་མདོག་སྟོན་དགོས་པ་ཞིག་དེ་བས་ཀྱང་མིན།
སྤྱིར་བོད་སྐད་ཙམ་ཡང་མི་ཤེས་མཁན་ཞིག་གིས་བོད་པའི་འགོ་ཁྲིད་བྱེད་ཐུབ་ཐབས་གཏན་ནས་མེད་པ་དང་། བོད་སྐད་བཤད་ཤེས་པ་དང་བོད་ཡིག་ཀློག་འདོན་ཡག་པོ་ཤེས་མཁན་ཞིག་ཡིན་ན་ཆབ་སྲིད་ཀྱི་འགོ་འཁྲིད་བྱེད་མི་ཐུབ་པ་གང་ཡང་མེད། གསུང་བཤད་དང་གསུང་འཕྲིན། བསྒྲགས་གཏམ་སོགས་ནི་འགོ་འཁྲིད་རང་ཉིད་ཀྱིས་འབྲི་ཤེས་ཀྱང་དུས་ཚོད་ལྕོགས་མིན་གྱིས་དྲུང་ཡིག་ལ་མངགས་བྱ་བྱས་ནས་འབྲི་བཞིན་ཡོད་པས། ཆབ་སྲིད་ཀྱི་འགོ་འཁྲིད་ཅིག་ལ་མཚོན་ན་བསམ་བློ་སྔོན་ཐོན་དང་འགོ་ཁྲིད་ཀྱི་ནུས་པ་དང་བློ་སྤོབས་ཡོད་མཁན་ཞིག་དགོས་པ་ལས། སྐད་ཡིག་རིག་གནས་ལ་ཤེས་རྒྱ་ཡོད་པ་ཙམ་གྱིས་ལས་དོན་ཆ་ཚང་ལ་ནུས་པ་འདོན་ཐུབ་པ་ཞིག་གང་ཡང་མ་རེད། སྐད་ཡིག་རིག་གནས་ཀྱི་ཐོག་ནས་ཤེས་རྒྱ་ཆེན་པོ་མེད་ཀྱང་ཡར་ཐོན་གྱི་བསམ་བློ་དང་། མདུན་སྐྱོད་ཀྱི་བློ་སྤོབས་ཡོད་པའི་འགོ་འཁྲིད་ཅིག་ཡིན་ན་སྐད་ཡིག་རིག་གནས་ཀྱི་ཐོག་ནས་རམ་འདེགས་བྱེད་མཁན་མང་པོ་ཡོད་པས་ལས་དོན་རྒྱ་ཆེན་པོ་བསྒྲུབ་ནུས་པའི་དཔེ་མཚོན་གྲངས་མེད་ཡོད།
མདོར་ན་མ་ཤེས་ཀྱང་ཤེས་ཀྱི་ཡོད་མདོག་གཏན་ནས་སྟོན་མི་ཆོག་པ་མིན་ཡང་། ཚད་ལས་བརྒལ་སོང་ན་ཝ་མོས་མཇུག་མ་སྦས་པའི་སྒྲུང་གཏམ་བཞིན་རང་ཉིད་ཀྱིས་ངོ་ཚ་ཉོ་བའི་རྒྱུ་ལས་མ་འདས། སྤྱིར་ཆབ་སྲིད་ཀྱི་འགོ་ཁྲིད་ཅིག་ལ་མཚོན་ན་མཁས་པའི་དབང་པོ་ཞིག་ཡིན་དགོས་པའི་ངེས་པ་མེད་ལ། ཆབ་སྲིད་ཀྱི་འགོ་ཁྲིད་དེ་མཁས་པའི་དབང་པོ་ཞིག་ཡིན་མི་རུང་བའང་གཏན་ནས་མིན། མཁས་པའི་དབང་པོ་ཡིན་ཡང་ཆབ་སྲིད་ཀྱི་འགོ་འཁྲིད་བྱེད་པའི་ནུས་པ་གཏན་ནས་མེད་མཁན་མང་པོ་ཡོད་ལ། ཆོས་དང་རིག་གནས་ལ་མཁས་པ་མིན་ཡང་ཆབ་སྲིད་ཀྱི་འགོ་འཁྲིད་ཚད་དང་ལྡན་པ་བྱེད་ཐུབ་མཁན་ཧ་ཅང་མང་པོ་ཡོད། མཁས་དབང་ཡིན་ལ་ཆབ་སྲིད་ཀྱི་འགོ་འཁྲིད་ཐོག་ནས་ནུས་པ་གཞན་ལས་ལྷག་པ་མང་པོ་ཡོད་པ་ནི་དེ་བས་ཀྱང་སྨྲོས་མི་དགོས་པ་རེད། དེར་བརྟེན་ཆབ་སྲིད་ཀྱི་འགོ་འཁྲིད་ཡིན་ན་མཁས་པའི་དབང་པོ་མིན་པའི་བློ་ཕམ་དེ་བྱེད་མི་དགོས་པ་དང་། དེང་སྐབས་མཁས་པ་མང་པོ་བླུན་པོ་རྒྱུ་ནོར་ཅན་དག་གི་ཞབས་གཡོག་ཙམ་དུ་གྱུར་ཡོད་པ་ལྟ་བུ་རེད།།