མང་གཙོ་ཚོགས་པས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་ཁྱབ་བསྒྲགས་བྱས་སོང་།
ཟླ་འདིའི་ཚེས་༡༣ ཉིན་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་དྷ་ས་མག་གྷན་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། ༢༠༡༦ ལོའི་བཙན་བྱོལ་བོད་མིའི་སྲིད་སྐྱོང་འོས་མི་གཉིས་དང་། བོད་མི་མང་སྤྱི་འཐུས་ཀྱི་འོས་མི་༣༤ གསལ་བསྒྲགས་བྱས་ཡོད་པ་རེད།
འོས་མི་འདོན་ཕྱོགས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་བཞི་པའི་ཐོག་ སྲིད་སྐྱོང་གི་འོས་མི་གསུམ་ལས་མི་མང་བ་དང་། ཆོལ་ཁ་རེ་ནས་སྤྱི་འཐུས་ཀྱི་འོས་མི་བཅོ་ལྔ་ལས་མི་མང་བ་འདོན་རྒྱུའི་གྲོས་ཆོད་བཞག་པ་ལྟར། མང་གཙོ་ཚོགས་པའི་ས་གནས་ཁག་༣༤ ཡིས་སྲིད་སྐྱོང་དང་། སྤྱི་འཐུས་འོས་མི་བཏོན་པའི་ནང་ནས་མང་མོས་རྩེ་བཏོག་བྱས་ཏེ། སྲིད་སྐྱོང་འོས་མི་ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་དང་། སྤྱི་འཐུས་འོས་མི་དབུས་གཙང་ཆོལ་ཁ་ནས་༡༥ དང་། མདོ་སྟོད་ཆོལ་ཁ་ནས་༡༢། མདོ་སྨད་ཆོལ་ཁ་ནས་༧ བཅས་བཏོན་ཡོད་པ་རེད།
མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་ཀྱིས། འགན་འཛིན་ལྷན་ཚོགས་ཐོག་སྲིད་སྐྱོང་གི་འོས་མི་གསུམ་ལས་མི་མང་བ་དང་། ཆོལ་ཁ་རེ་ནས་སྤྱི་འཐུས་ཀྱི་འོས་མི་བཅོ་ལྔ་ལས་མི་མང་བ་འདོན་རྒྱུ་བྱས་ཡོད་ཀྱང་། མང་པོ་ཞིག་མང་གཙོ་ཚོགས་པའི་འོས་མི་ནས་དགོངས་པ་ཞུས་རྗེས། སྲིད་སྐྱོང་འོས་མི་གཉིས་དང་། སྤྱི་འཐུས་འོས་མི་༣༤ གཏན་འབེབས་བྱས་ཡོད་སྐོར་གསུངས་སོང་།།
མང་གཙོ་ཚོགས་པ་ནི་༧གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་འོག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཆབ་སྲིད་ཚོགས་པའི་ངོ་བོར་གསར་འཛུགས་བྱས་ཏེ། ད་ལྟ་ལོ་ ༢༠ འགྲོ་ཡི་ཡོད་ནའང་། འོས་མི་འདོན་པ་ཙམ་ལས་བཙན་བྱོལ་བོད་མིའི་གཞུང་སྐྱོང་སྟངས་ཆབ་སྲིད་ཚོགས་པས་འཛིན་རྒྱུའི་ལམ་ལུགས་མེད་པ་རེད།
མང་གཙོ་ཚོགས་པའི་འོས་མི་ཁྱབ་བསྒྲགས་ཆེད་དུ་དྲ་རྒྱ་ཞིག་གསར་བཟོ་བྱས་ཡོད་པའི་ཐོག་འོས་མི་ལོ་རྒྱུས་ཞིབ་ཕྲ་འཁོད་ཡོད་པ་རེད།། http://tibetanelection2016.net/
གསར་འགོད་པ་ཆོས་ཉིད་འོད་ཟེར།