ཝང་ཡང་གིས་བོད་ནང་‘ཁ་བྲལ་རིང་ལུགས་’ལ་འགོག་རྒོལ་ཆེ་རུ་གཏོང་དགོས་ཟེར།

རྒྱ་ནག་དམར་ཤོག་གཞུང་གི་འགོ་ཁྲིད་མཐོ་ཤོས་ཨང་བཞི་པ་ཝང་ཡང་གིས། བོད་ནང་‘ཁ་བྲལ་རིང་ལུགས་’ལ་འགོག་རྒོལ་ཆེ་རུ་གཏོང་དགོས་ཞེས་བརྗོད་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༧ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༦ རེས་གཟའ་ཉི་མའི་ཉིན་ཝང་ཡང་བོད་ཀྱི་རྒྱལ་ས་ལྷ་སར་བསྐོར་བསྐྱོད་དུ་ཡོང་ཡོད་ཅིང་། སྐབས་དེར་ཁོས་“བོད་ནང་དུ་ཁ་བྲལ་རིང་ལུགས་ལ་འགོག་རྒོལ་གྱི་འབད་པ་ཤུགས་ཆེ་རུ་གཏོང་དགོས་”ཞེས་དང་། “བདེ་འཇགས་ཀྱི་ཆེད་དུ་དོགས་ཟོན་དང་གྲ་སྒྲིག་ཨང་གསར་”དགོས་ཞེས་བརྗོད་ཡོད་འདུག

དེབཞིན་ཁོས་བོད་ནང་གི་ནང་པའི་ཆོས་སྡེ་ཁག་ལ་དོ་དམ་ནན་པོ་བྱེད་རྒྱུ་གལ་གནད་ཆེན་པོ་ཡིན་སྐོར་དང་། ཆོས་ལུགས་ཀྱི་བྱེད་སྒོ་ཁག་ཀྲུང་གོའི་ཁྱད་ཆོས་ལྡན་པ་བཟོ་གལ་ཆེ་སྐོར། སྤྱི་ཚོགས་བདེ་འཇགས་དང་རྒྱལ་ཁབ་ཀྱི་ཆིག་སྒྲིལ་ཆེད་དུ་ཆོས་ལུགས་མི་སྣ་རྣམས་ལ་ཁ་བྲལ་གྱི་བྱ་སྤྱོད་ཡོད་དོ་ཅོག་ལ་གདོང་ལེན་བྱེད་རྒྱུའི་བློ་སྤོབས་ཡོད་དགོས་སྐོར་བརྗོད་ཡོད་འདུག

ཝང་ཡང་ནི་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོའི་ཁྲོད་ནས་ཆོས་ལུགས་ལས་དོན་སྲིད་ཇུས་ཀྱི་འགན་འཁྲི་གཙོ་བོ་ཡོད་མཁན་དེ་ཡིན་འདུག་ཅིང་། ཁོས་སྤྱི་ཚོགས་བདེ་འཇགས་དང་། རྒྱལ་ཁབ་ཀྱི་ཆིག་སྒྲིལ་སྲུང་སྐྱོབ་ཅེས་པའི་མིང་ཐོག་ནས་བོད་དང་བོད་མི་རྣམས་ཀྱིས་༧གོང་ས་མཆོག་ལ་བཅིངས་པའི་དད་འདུན་འགོག་ཐབས་དང་། བོད་ནང་༧གོང་ས་མཆོག་གི་མཛད་འཕྲིན་གྱི་ནུས་པ་ཆུང་དུ་གཏོང་ཐབས་ཐོག་འབད་འབུང་ཤུགས་ཆེ་རུ་གཏོང་བ་ཞིག་ཡིན་སྐོར་འདུག

གཞན་ཡང་ཉེ་ཆར་བོད་ནང་གི་སློབ་གྲྭའི་དབྱར་ཁའི་གུང་སེང་སྐབས། ལྷ་ས་གྲོང་ཁྱེར་གྱི་མཐོ་འབྲིང་གསུམ་པའི་སློབ་གྲྭའི་སློབ་མ་རྣམས་ལ། ཆོས་ལུགས་ཀྱི་བྱེད་སྒོ་ཁག་ནང་མཉམ་ཞུགས་མི་བྱེད་རྒྱུའི་མིང་རྟགས་བཀོད་བཅུག་པས་མཚོན་པའི་བོད་ནང་དུ་ཆོས་དད་རང་དབང་ལ་བཀག་སྡོམ་ཤུགས་ཆེ་རུ་བཏང་དང་གཏོང་མུས་ཡིན་པ་མ་ཟད། ད་ལྟ་རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་ཁ་ཆེ་བ་ཚོའི་ཆོས་དད་རང་དབང་ལ་ཡང་དོ་དམ་སྔར་ལས་ལྷག་པ་བྱེད་བཞིན་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།