ཞི་ཅིང་ཕིན་གྱི་ལས་འཁུར་དུས་ཡུན་རིང་དུ་གཏོང་མིན་ནི་ནང་ཁུལ་གྱི་གནད་དོན་རེད་ཟེར།
ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ལྕམ་སཱ་ར་སེན་ཌེར་གྱིས་རྒྱ་ནག་གི་སྲིད་འཛིན་གྱི་ལས་ཡུན་རིང་དུ་གཏོང་མིན་ནི་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པ་དང་། མ་གཞི་སྲིད་འཛིན་ཊོམ་གྱིས་ཨ་རིའི་གྲོས་ཚོགས་མི་སྣའི་ལས་ཡུན་ལ་ཡང་ཚད་བཀག་བཟོ་དགོས་པ་གསུངས་ཡོད་སྐོར་བརྗོད་འདུག
རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༦ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱི་གསར་འགོད་དྲུང་ཆེ་སཱ་ར་སེན་ཌེར་གྱིས། ཞི་ཅིང་ཕིན་ལ་མི་ཚེ་ཧྲིལ་པོའི་རིང་སྲིད་དབང་འཛིན་འཇུག་མིན་དེ་རྒྱ་ནག་ཁོ་རང་ཚོའི་དབང་འཛིན་པས་ཐག་གཅོད་བྱེད་དགོས་པའི་ནང་ཁུལ་གྱི་གནད་དོན་ཞིག་ཡིན་སྐོར་བརྗོད་ཡོད་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༥ ཉིན་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་གི་རྩ་ཁྲིམས་ནང་སྲིད་འཛིན་གྱི་ལས་འཁུར་དུས་ཡུན་ལ་ཚད་བཀག་ཡོད་པ་དེ་མེད་པ་བཟོ་རྒྱུའི་གྲོས་འཆར་བཏོན་རྗེས། ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་སཱ་ར་སེན་ཌེར་གྱིས་“ངའི་བསམ་པར་དེ་ནི་རྒྱ་ནག་ཁོ་རང་ཚོས་ཐག་གཅོད་བྱེད་དགོས་པ་ཞིག་རེད་”ཅེས་བརྗོད་ཡོད་འདུག་པ་དང་། དེ་བཞིན་མོས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་རིའི་གྲོས་ཚོགས་མི་སྣའི་ལས་ཁུར་དུས་ཡུན་ལ་ཚད་བཀག་བཟོ་དགོས་པ་སྲིད་འཛིན་འོས་མིར་ལངས་སྐབས་ནས་ཐེངས་མང་པོར་བརྗོད་ཡོད་པ་དང་། ཨ་རིའི་ནང་གྲོས་ཚོགས་མི་སྣའི་ལས་འཁུར་གྱི་དུས་ཡུན་ལའང་ཚད་བཀག་བཟོ་རྒྱུར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་གི་སྲིད་འཛིན་གྱི་ལས་ཡུན་རིང་དུ་གཏོང་མིན་ནི་ཁོ་རང་ཚོའི་ལག་ཏུ་ཡོད་སྐོར་བཅས་བརྗོད་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།