ཞིན་ཅིང་ཕིང་གིས་རྒྱ་ནག་གི་དམག་སྤྱི་བརྒྱ་ལྷག་ཁྲིམས་ལ་སྦྱར་འདུག
ཟླ་འདིའི་ཚེས་༢ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ནང་དམག་དཔོན་གཉིས་གར་སོང་ཆ་མེད་དུ་གྱུར་ནས་ཟླ་བ་ཁ་ཤས་རྗེས། ཁོང་གཉིས་ཀྱི་ཚབ་ཏུ་དམག་སྤྱི་གསར་པ་གཉིས་བསྐོས་བཞག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་བ་༧ ཚེས་༣༡ ཉིན་རྒྱ་ནག་གི་མཚོ་དམག་གི་འགོ་ཁྲིད་ཟུར་པ་གཞོན་པ་ཝང་ཧོའུ་པིན་(Wang Houbin) ་རྒྱ་ནག་གི་མེ་ཤུགས་འཕུར་མདའི་དམག་དཔུང་སྡེ་ཚན་གྱི་འགོ་ཁྲི་གསར་པར་བསྐོ་བཞག་བྱས་ཡོད་པ་དང་། རྒྱ་ནག་གི་གནམ་དམག་གི་དཔོན་པོ་ཞུས་ཞི་ཧྲེང་(Xu Xisheng) ཟེར་བ་དེ་རྒྱ་ནག་གི་མེ་ཤུགས་འཕུར་མདའི་དམག་དཔུང་སྡེ་ཚན་གྱི་ཆབ་སྲིད་ཨུ་ཡོན་དུ་བསྐོ་བཞག་བྱས་ཡོད་འདུག ཡིན་ན་ཡང་། ཁོང་གཉིས་ཀས་དེ་སྔར་མེ་ཤུགས་འཕུར་མདའི་དམག་དཔུང་གི་སྡེ་ཁག་ཏུ་ལས་ཀ་བྱས་མྱོང་མི་འདུག
ཐེངས་འདིའི་འགོ་ཁྲིད་གསར་པ་གཉིས་བསྐོ་བཞག་བྱས་པའི་གནད་དོན་དེ་ནི། རྒྱ་ནག་གི་མེ་ཤུགས་འཕུར་མདའི་དམག་དཔུང་སྡེ་ཚན་གྱི་དམག་སྤྱི་ལི་ཡུས་ཁྲའོ་ (Li Yuchao) ་དང་དམག་སྤྱི་གཞོན་པ་ལིའུ་ཀོང་པིན་(Liu Guangbin) ་གཉིས་གར་སོང་ཆ་མེད་དུ་གྱུར་ནས་ཟླ་བ་ཁ་ཤས་ཀྱི་རྗེས་སུ་བྱུང་ཡོད་འདུག
ད་ལྟའི་ཆར་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཁོང་གཉིས་གཙོས་རྒྱ་ནག་གི་མེ་ཤུགས་འཕུར་མདའི་དམག་དཔུང་སྡེ་ཚན་གྱི་འགོ་ཁྲིད་ལས་ཐོག་དང་ལས་ཟུར་ཁག་ཅིག་ལ་ཞིབ་བཤེར་བྱེད་བཞིན་ཡོད་པའི་གནས་ཚུལ་ཁག་ཅིག་རྒྱ་གར་གྱི་(WION) ་ཞེས་པའི་གསར་ཁང་གིས་བཀོད་འདུག
བདུན་འདིའི་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གིས་གློ་བུར་དུ་འགོ་ཁྲིད་གཉིས་འཕོ་འགྱུར་བཏང་བ་ནི། འདས་པའི་ལོ་ངོ་བཅུ་ཕྲག་གཅིག་གི་རིང་། རྒྱ་ནག་གི་ནང་དུས་ངེས་མེད་ཐོག་འགོ་ཁྲིད་འཕོ་འགྱུར་བཏང་བ་ཆེ་ཤོས་དེ་ཆགས་ཡོད་འདུག དུས་གཅིག་ལ་དམག་དཔུང་གི་འགོ་ཁྲིད་གཉིས་འཕོ་འགྱུར་བཏང་བ་དེ་འདྲ་ནི་རྒྱ་ནག་ནང་ཧ་ཅང་མཐོང་དཀོན་པོར་གྱུར་འདུག

ཟླ་འདིའི་ཚེས་༢ ཉིན་ཨེ་ཤེ་ཡའི་དུས་བབ་ཅེས་པའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་མེ་ཤུགས་འཕུར་མདའི་དམག་དཔུང་གི་འགོ་ཁྲིད་ལི་ཡུས་ཁྲའོ་ལ་ཞིབ་བཤེར་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོག་མ་སྤེལ་མཁན་ནི་ཡའོ་ཁྲེང་(Yao Cheng) ཟེར་བ་དེ་ཡིན་འདུག ཁོང་ནི་རྒྱ་ནག་གི་མཚོ་དམག་གི་འགོ་ཁྲིད་ཟུར་པ་ཞིག་དང་། ཕྱི་ལོ་༢༠༡༦ ལོ་ཨ་རི་ལ་བྲོས་བྱོལ་དུ་བསླེབས་ཡོད་འདུག ཁོང་གིས་བརྗོད་གསལ་ལྟར་ན། ལི་ཡུས་ཁྲའོ་ཡི་བུ་ཨ་རི་ལ་ཡོད་ཅིང་། ཁོང་གིས་རྒྱ་ནག་བཅིངས་འགྲོལ་དམག་གི་ཡིག་ཆ་ཁ་ཤས་ཨ་རི་ལ་བཙོང་ཡོད་རབས་བརྗོད་ཡོད་པ་མ་ཟད། རྒྱ་ནག་གི་མེ་ཤུགས་འཕུར་མདའི་དམག་དཔུང་སྡེ་ཚན་དང་མཚོ་དམག དེ་བཞི་གནམ་དམག་བཅས་ལ་སྔོན་རྩིས་(Budget) ཕོན་ཆེན་ཡོད་པ་དང་། དངུལ་མང་པོ་ཞིག་འགོ་ཁྲིད་ཁག་གིས་སྒེར་དོན་ཆེད་དུ་བེད་སྤྱོད་གཏོང་གི་ཡོད་པར་བརྟེན། གལ་སྲིད་རྒྱ་གཞུང་གིས་མེ་ཤུགས་འཕུར་མདའི་དམག་དཔུང་སྡེ་ཁག་ལ་ཞིབ་བཤེར་བྱས་ཚེ། འགོ་ཁྲིད་མང་པོ་ལ་དོ་ཕོག་འགྲོ་ཡི་རེད་ཅེས་བརྗོད་ཡོད་འདུག
གཞན་ཡང་ཁོང་གིས་དེ་སྔའི་བཅར་འདྲི་ཞིག་གི་ནང་དུ་བརྗོད་གསལ་ལྟར་ན། རྒྱ་ནག་གི་མེ་ཤུགས་འཕུར་མདའི་དམག་དཔུང་སྡེ་ཁག་གི་འགོ་ཁྲིད་ཁ་ཤས་ཀྱིས་ཐེ་ཝན་ཐོག་ཏུ་དམག་འཁྲུག་བརྒྱབ་འདོད་བྱེད་ཀྱི་མེད་པ་དང་། འགོ་ཁྲིད་དེ་དག་གིས་ཁོང་ཚོའི་དམག་གི་རྟེན་གཞི་ལ་ཨ་རིའི་དམག་གིས་མེ་ཤུགས་འཕུར་མདས་རྒོལ་རྡུང་བྱ་རྒྱུ་ཡིན་པ་ཤེས་ཀྱི་ཡོད་པ་རེད་ཅེས་བརྗོད་འདུག
ལོ་འདིའི་ཕྱི་ཟླ་༧ ཚེས་༤ ཉིན་རྒྱ་ནག་གི་མེ་ཤུགས་འཕུར་མདའི་དམག་དཔུང་གི་འགོ་ཁྲིད་གཞོན་པ་ཟུར་པ་ཝུའུ་གོ་ཧྭ་(Wu Guohua) ཞེས་པ་ཁྱིམ་ལ་ཤི་ཡོད་འདུག ཁྱིམ་མི་ཚོས་ཀླད་ཁྲག་ཐོན་ནས་ཤི་ཡོད་རབས་བརྗོད་ཀྱང་། ཀྲང་ཞའོ་དབྱང་(Zhang Xiaoyang) ཞེས་པའི་རྒྱ་ནག་བཅིངས་འགྲོལ་དམག་གི་ཕྱི་རྒྱལ་སྐད་ཡིག་སློབ་ཆེན་གྱི་གཙོ་འཛིན་ཞིག་གིས་ཁོང་ཉིད་ལས་ཀའི་གནོན་ཤུགས་དང་ཁྱིམ་གྱི་དཀའ་ངལ་གྱིས་རང་ཤི་བརྒྱབ་པ་རེད་ཅེས་བརྗོད་འདུག
ཕྱི་ལོ་༢༠༡༣ ་ནས་ཞིན་ཅིང་ཕིང་གིས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱ་རྒྱུ་ཟེར་བ་འགོ་བརྩམས་ནས་བཟུང་ད་ལྟའི་བར་རྒྱ་ནག་ནང་འགོ་ཁྲིད་སྟོང་ཕྲག་མང་པོ་ཁྲིམས་ལ་སྦྱར་ཡོད་པ་མ་ཟད། ད་ལྟའི་བར་དུ་རྒྱ་ནག་གི་མཐོ་རིམ་དམག་སྤྱི་༡༠༠་ལྷག་ཁྲིམས་ལ་སྦྱར་ཡོད་པའི་གནས་ཚུལ་ཐོན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།