ཞིབ་འཇུག་ཚོགས་པས་བྲག་རི་རིན་པོ་ཆེ་ཚུལ་མིན་བྱ་སྤྱོད་ལ་ཞུགས་ཡོད་སྐོར་བསྒྲགས་འདུག 

ལོ་གཅིག་སྔོན་དུ་བུད་མེད་གཉིས་ཀྱིས་བྲག་རི་རིན་པོ་ཆེར་ཚུལ་མིན་རེག་ཐུག་བྱས་པའི་ཉེས་འཛུགས་བྱས་པར། རིན་པོ་ཆེ་དང་ཁོང་གི་རྒྱབ་སྐྱོར་བ་ཚོས་ཁས་ལེན་བྱས་མེད་ཁར། རིན་པོ་ཆེ་ནས་གསལ་བཤད་ཀྱང་གནང་ཡོད་པ་རེད་དེ། རང་དབང་ཅན་གྱི་ཚོགས་སྡེ་ཞིག་གིས་རིན་པོ་ཆེའི་ཐོག་གི་ཉེས་འཛུགས་ཁག་ལ་ཞིབ་འཇུག་གྲུབ་དོན་དུ་ཁོང་གིས་བུད་མེད་རིམ་པར་ཆེད་དུ་མངགས་ནས་ཚུལ་མིན་གྱི་འཁྲིག་སྤྱོད་དམ་རེག་ཐུག་ཀྱི་བྱ་སྤྱོད་ལ་ཞུགས་ཡོད་པ་བསྒྲགས་བྱས་ཡོད་པས། ཁོང་ཆོས་དགེ་བྱེད་ཡུལ་འབྲེལ་ཡོད་ཚོས་ཚོགས་དེའི་ཆོས་དགེ་ཐོ་གཞུང་ནས་གཏན་དུ་མེད་པ་བཟོས་ཡོད་འདུག 

དེ་ཡང་འདི་ལོའི་ཟླ་༡༡ པའི་ཚེས་༡༣ ཉིན་བྲག་རི་རིན་པོ་ཆེས་ཆོས་ཁྲིད་བྱེད་ཡུལ་ཕྱི་རྒྱལ་གྱི་ཆོས་ཚོགས་(Foundation for the Preservation of the Mahayana Tradition) ཀྱིས་དྲ་ཐོག་ཏུ་གསལ་བསྒྲགས་ཤིག་སྤེལ་ནས། ཕྱི་ལོ་༢༠༡༩ ལོར་ཆོས་ཚོགས་དེར་བྲག་རི་རིན་པོ་ཆེའི་ཐོག་ཚུལ་མིན་རེག་ཐུག་དང་འཁྲིག་སྤྱོད་ཀྱི་ཉེས་འཛུགས་བྱེད་མཁན་ཁག་ཅིག་བྱུང་ནས། ལོ་དེའི་ཟླ་༡༠ པའི་ནང་རང་དབང་ཅན་གྱི་ཚོགས་པ་(FaithTrust Institute) ལ་ཉེས་འཛུགས་དེ་དག་ཐོག་ཞིབ་འཇུག་བྱེད་པའི་ལས་ཀ་སྤྲད་ཡོད་པ་དང་། ཉེས་འཛུགས་བྱེད་མཁན་རྣམས་ཀྱིས་ཆོས་ཚོགས་ཀྱི་ཁོར་ཡུག་ནང་དང་ས་གནས་གཞན་ཏུ་ཡང་ཚུལ་མིན་འཁྲིག་སྤྱོད་ཀྱི་གནོད་འཚེ་བཏང་ཡོད་པ། དེ་བཞིན་གནོད་འཚེ་འཕོག་ཡུལ་ཁག་ཅིག་ལོ་ཁ་ཤས་རིང་གནོད་འཚེ་མྱངས་དགོས་བྱུང་བ་དང་། ཁག་ཅིག་ནི་བཙུན་མ་ཡིན་འདུག ཚོགས་པ་དེས་ཞིབ་འཇུག་གི་གྲུབ་དོན་དུ་རིན་པོ་ཆེས་རང་ཉིད་སྤྲུལ་སྐུ་དང་ཆོས་དགེ་ཡིན་རྐྱེན། ཉེ་འཁོར་དུ་ཡོད་པའི་བུད་མེད་རིམ་པར་ཆེད་དུ་མངགས་ནས་ཚུལ་མིན་གྱི་འཁྲིག་སྤྱོད་དམ་རེག་ཐུག་གི་བྱ་སྤྱོད་ལ་ཞུགས་ཡོད་སྐོར་བསྒྲགས་ཡོད་འདུག 

ཆོས་ཚོགས་ཀྱི་བསྒྲགས་གཏམ་ནང་དུ་རིན་པོ་ཆེར་ཉེས་འཛུགས་ཐོག་ཞིབ་འཇུག་ལས་དོན་འགྲོ་བཞིན་པའི་སྐབས་སུ། རེ་སྐུལ་མང་པོ་བྱས་མིན་ལ་མ་ལྟོས་པར་རིན་པོ་ཆེས་ཞིབ་འཇུག་བྱེད་མཁན་ཚོགས་པ་དེར་ཡ་ལན་དོན་ཕན་ལྡན་པ་བྱས་མེད་ཀྱང་། གནོད་འཚེ་འཕོག་ཡུལ་བུད་མེད་རྣམས་ཀྱི་བསྒྲགས་གཏམ་སྙིང་བསྡུས་ཁོང་ལ་བཏང་རྗེས། ཁོང་གིས་གློག་འཕྲིན་བརྒྱུད་ནས་དགོངས་སེལ་ཞུས་ཡོད་འདུག 

ཞིབ་འཇུག་གི་གྲུབ་དོན་ལ་གཞིགས་ནས་ཆོས་ཚོགས་དེས་བྲག་རི་རིན་པོ་ཆེ་ཆོས་ཚོགས་ཀྱི་དགེ་རྒན་ནམ་ཆོས་དགེ་ཡི་ཐོ་གཞུང་ནས་གཏན་དུ་མེད་པ་བཟོ་རྒྱུ་ཐག་གཅོད་བྱས་ཡོད་སྐོར་བསྒྲགས་འདུག 

ཕྱི་ལོ་༢༠༡༩ ལོའི་ཟླ་༥ པའི་ནང་རྒྱ་གར་བུད་མེད་གཅིག་དང་ཕྱི་རྒྱལ་བུད་མེད་གཅིག་གིས་ཚུལ་མིན་རེག་ཐུག་གི་ཉེས་འཛུགས་བྱས་སྐབས། རིན་པོ་ཆེ་ཁོང་གིས་གསལ་བཤད་སྤེལ་ནས་ཁོང་ལ་རྒྱབ་སྐྱོར་གནང་མཁན་རྣམ་པ་དང་། སྐྱོན་འཛུགས་མཁན་རྣམ་པ་སུ་ཡིན་ཡང་ཆགས་སྡང་གི་ལས་ངན་མི་གསོག་པ་ཞུས་པ་དང་། ཁོང་གི་ངོས་ནས་དེ་ལྟར་ངོ་གནོང་དགོས་པའི་ཉེས་པ་གང་ཡང་བསགས་མེད་ལ། གཞི་མེད་བསྙོན་འཛུགས་དང་མ་ཉེས་ཁ་ཡོག་བརྗོད་མཁན་རྣམས་ལ་འཁོན་འཛིན་དང་རེ་དོགས་གང་ཡང་མེད་སྐོར་གསུངས་ཡོད་པ་རེད། ཆོས་ཚོགས་དེ་གསར་འཛུགས་གནང་མཁན་གྲས་སུ་ཡོད་མཁན་བླ་མ་བཟོད་རིན་ཆེས་ཀྱང་བྲག་རི་རིན་པོ་ཆེར་རྒྱབ་སྐྱོར་གྱི་གསལ་བསྒྲགས་ཁ་ཤས་སྤེལ་ཡོད་པ་རེད། དེ་བཞིན་སེར་བྱེས་ཚྭ་བ་ཁང་ཚན་གྱིས་ཀྱང་བྲག་རི་རིན་པོ་ཆེའི་ཐོག་ཉེས་འཛུགས་དེ་དག་ནི་རྫུན་ཡིན་པ་དང་། ཆེད་དུ་མངགས་ནས་རྫུན་བཟོ་བྱས་པའི་གནས་ཚུལ་དེ་དག་ཁྱབ་སྤེལ་བྱེད་མཁན་གཙོ་བོ་ནི་དོ་རྒྱལ་རྗེས་འབྲངས་པ་རྣམས་ཡིན་སྐོར་གྱི་གསལ་བསྒྲགས་ལས་ཤོག་ཐོག་ཏུ་སྤེལ་ཡོད་པ་རེད།

ལོ་ཤས་རིང་བོད་མིའི་བླ་མ་དང་རིན་པོ་ཆེ་ཁག་ཅིག་ལ། ཕྱི་རྒྱལ་བུད་མེད་མང་པོ་ཞིག་གིས་ཚུལ་མིན་རེག་ཐུག་དང་འཁྲིག་སྤྱོད་ཀྱི་ཉེས་འཛུགས་བྱས་ཡོད་པ་དང་། གནས་ཚུལ་དེ་རིགས་ཕྱི་རྒྱལ་སྤྱི་ཚོགས་ཁག་ཏུ་ཁྱབ་སྤེལ་ཆེན་པོ་སོང་ཡོད་ཀྱང་། བོད་མིའི་སྤྱི་ཚོགས་ནང་ནས་གནས་ཚུལ་དེ་རིགས་ཐོག་མར་རྣམ་འགྱུར་མངོན་གསལ་དོད་པོ་བསྟན་མཁན་ཉུང་ཉུང་ཡིན་པ་རེད་ལ། བཙན་བྱོལ་བོད་མིའི་གནད་ཡོད་མི་སྣ་དང་བླ་མ་རིན་པོ་ཆེ་སོགས་ནས་གནད་དོན་དེ་རིགས་ཐོག་ཡོངས་གྲགས་སུ་བསྒྲགས་གཏམ་གང་ཡང་སྤེལ་མེད་ཁར། བོད་མིའི་ནང་དུ་ཉེས་འཛུགས་དེ་རིགས་ནི་ཕྱི་རྒྱལ་དུ་ཡོད་པའི་ཆོས་ཚོགས་ཁག་ནང་དུ་ཆབ་སྲིད་ཀྱི་འཐབ་རྩོད་ཆེད་དུ་རྫུན་བཟོ་བྱས་པ་ཡིན་པ་དྲན་མཁན་ཡང་ཡོད་པ་རེད། ཕྱི་ལོ་༢༠༡༧ ལོར་༧གོང་ས་མཆོག་གིས་ལྷན་ཚོགས་ཤིག་གི་ཐོག་ཏུ། གནད་དོན་དེ་རིགས་གཅིག་དང་འབྲེལ་ནས། གལ་ཏེ་བླ་མ་ཞིག་གིས་ཚུལ་མིན་བྱ་སྤྱོད་ལ་ཞུགས་ཚེ། བྱ་སྤྱོད་དེ་རིགས་ཡོངས་བསྒྲགས་བཟོས་དགོས་པ་དང་། དེ་བཞིན་བླ་མའི་གསུང་ལ་བརྟག་དཔྱད་བྱ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ། དྲ་ཐག་