འཇིགས་སྐུལ་ལ་མགོ་སྒུར་རྩིས་མེད།
བོད་ཀྱི་བང་ཆེན་རྩོམ་སྒྲིག་པས་བཀའ་དྲུང་ཡིག་ཚང་གི་བཀའ་ཡིག་ལ་གསལ་བཤད་བྱས་པ།
ཕྱི་ཟླ་༧ ཚེས་༡༥ ཉིན་བོད་ཀྱི་བང་ཆེན་དྲ་རྒྱའི་ནང་<<མི་གཅིག་དབང་འཛིན་གྱི་དུས་སྐབས།>>ཞེས་རྩོམ་སྒྲིག་པའི་ཆེད་བརྗོད་ཅིག་སྤེལ་བར། བཀའ་དྲུང་ཡིག་ཚང་གི་བཀའ་ཡིག་ཕྱི་ཚེས་༡༦ འཁོད་ཅིང་། དྲུང་འཕར་ཚེ་རིང་ཆོས་འཛོམས་ཞེས་པས་མཚན་རྟགས་བཀོད་པ་ཞིག་ཕྱི་ཚེས་༡༧ རེས་གཟའ་སྤེན་པའི་གུང་སེང་ཉིན་འདི་ག་གསར་ཁང་དུ་བསྐྱལ་སོང་། རང་དབང་ཅན་གྱི་གསར་ཁང་ཞིག་གིས་དཔྱད་ཞིབ་དང་འབྲེལ་བའི་རྩོམ་ཡིག་སྤེལ་བར་དེ་ལྟར་ཐུགས་སྣང་ཆེན་པོ་གནང་བར་ཕྱོགས་གཅིག་ནས་དགའ་བསུ་ཞུ་འོས་པ་ཞིག་རེད།
འོན་ཀྱང་བཀའ་དྲུང་ཡིག་ཚང་གི་བཀའ་ཡིག་དེའི་ནང་། འདི་གའི་ཆེད་བརྗོད་ནང་བཀོད་པའི་གནས་ཚུལ་ཁག་ལ་དོན་དངོས་གང་ཡིན་གསལ་བཤད་མ་གནང་བར་རྒྱུག་པ་ལེབ་རྡུང་གིས་”གཞི་མེད་ཀྱི་དཀྲོག་གཏམ་དང་། སྲང་བར་ནང་གི་སྐད་ཆ་བསྒྲུགས་ནས་འགོད་སྤེལ་དང་དཔྱད་གླེང་བྱས་ཚེ། དེ་ལས་བྱུང་བའི་གཟིགས་ཚུལ་དང་ཐུགས་ཚོར་དེ་དག་ལྷ་ཆོས་ཀྱི་ཐོག་ནས་མི་དགེ་བའི་ལས་དང༌། མི་ཆོས་ཀྱི་ཐོག་ནས་མ་རབས་ཀྱི་བྱ་སྤྱོད། ཁྲིམས་ལུགས་ཀྱི་ཐོག་ནས་གཞན་ལ་གནོད་འཚེ་བཟོས་པའི་ཁྲིམས་འགལ་ཆགས་རྒྱུའི་ཉེན་ཁ་ཧ་ཅང་ཆེ་བ་ཡོད།”ཅེས་དོན་དངོས་དང་བར་ཐག་ཧ་ཅང་རིང་པོ་ཡོད་པ་ཞིག་བྲིས་འདུག་པས། དེ་ལ་གསལ་བཤད་དང་ལན་འདེབས་ཤིག་མི་བྱེད་ཐབས་མེད་དུ་གྱུར་འདུག
དོན་དངོས་སུ་ཆེད་བརྗོད་དེའི་ནང་།
༡ ད་ལྟའི་དུས་འདིར་སྲིད་སྐྱོང་གི་ངོས་ནས་ལས་བྱེད་གནས་སྤོ་མང་དག་ཅིག་བྱེད་བཞིན་པ།
༢ བོད་རྒྱ་ཞི་མོལ་གྲ་སྒྲིག་ལས་དོན་ཚོགས་ཆུང་དེ་སྒོ་བརྒྱབ་ནས་གསར་པ་ཞིག་འཛུགས་རྒྱུ་ཡིན་པ་དང་། དེ་འབྲེལ་ཡིག་ཆ་རྣམས་ཕྱིར་བསྒྲགས་བྱ་རྒྱུ།
༣ ལྷོ་ཨ་ཧྥི་རི་ཀའི་དོན་གཅོད་ཁང་སྒོ་རྒྱག་རྒྱུ་ཡིན་ཞེས་སྔ་རྗེས་བསྒྲགས་འདུག་པ་དང་། ཐའེ་ཝན་དོན་གཅོད་ཁང་ཡང་ཕན་ཐོགས་མེད་པས་སྒོ་རྒྱག་རྒྱུའི་བསམ་ཚུལ་གླེང་བ།
༤ ཕྱི་ལོ་ ༢༠༡༩ ལོར་བཙན་བྱོལ་བོད་མིའི་མི་འབོར་ཞིབ་འཇུག་བྱས་ཟིན་ནའང་། བསྐྱར་དུ་དུས་ཐུང་ནང་མི་འབོར་ཞིབ་འཇུག་བྱེད་འགོ་བཙུགས་ཟིན་པ།
༥ ལས་འབོར་ཉམས་ཞིབ་ཚོགས་ཆུང་ལ་དུས་ཡུན་བདུན་ཕྲག་གཉིས་ཙམ་རིང་ཞིབ་འཇུག་གི་སྙན་ཐོ་འདོན་དགོས་པའི་བཀའ་བཏང་བ།
༦ དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཡང་བཀའ་དྲུང་ཡིག་ཚང་དུ་སྤོས་ནས་སྲིད་སྐྱོང་གི་ཐད་ཀའི་སྟངས་འཛིན་འོག་བཅུག་པ།
༧ བཀའ་ཤག་དེ་མཉམ་འདུས་ཀྱི་འགན་ཡིན་པ་ལས། མི་གཅིག་དབང་འཛིན་བྱེད་ཆོག་པ་ཞིག་ཁྲིམས་སྒྲིག་གང་དུའང་མེད་པ།
༨ བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དོན་ཚན་ ༧ པའི་ནང་གསེས་ ༥ པ་བཞིན། བར་བརྒལ་བཀའ་འཁྲོལ་ཚོགས་དྲུང་ལས་ཁུངས་སུ་ཞུ་རྐྱང་བྱ་རྒྱུ་ཡིན་ཚུལ་བརྗོད་པ།
༩ སྲིད་སྐྱོང་དང་ཕ་ཡུལ་གཅིག་པ་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་བཀའ་ཤག་ཏུ་ཆབ་སྲིད་དྲུང་ཆེའི་ས་མིག་ཆེད་བཟོས་ཀྱིས་ཁོང་གི་འགྲམ་དུ་ཉར་ཡོད་པ་བཅས། གོང་གསལ་ཨང་གྲངས་༡ ནས་༩ བར་ནི་གནས་ཚུལ་དངོས་སུ་བྱུང་ཟིན་པ་དང་། སྲིད་སྐྱོང་གིས་ལས་ཁུངས་ཁག་ཏུ་གཏམ་བཤད་གནང་སྐབས་གསུངས་ཟིན་པ་ཤ་སྟག་རེད།
གཞན། ༡༽ ད་དུང་འཕགས་བོད་འབྲེལ་མཐུད་ཀྱི་འགན་འཛིན་ཁོ་རང་གི་འདོད་མོས་བཞིན་ལྷོ་སྤྱིའམ། བཀའ་དྲུང་ཡིག་ཚང་གང་རུང་ཞིག་ཏུ་གནས་སྤོ་བྱ་རྒྱུ་ཡིན་ཚུལ་དང་། ༢༽ ཁེ་ན་ཌར་དོན་གཅོད་ཁང་ཞིག་གསར་འཛུགས་ཀྱིས་སྲིད་སྐྱོང་གི་འབྲེལ་ཡོད་ནང་མ་བཀའ་ཟུར་ཞིག་དོན་གཅོད་དུ་བསྐོ་གཞག་བྱ་རྒྱུ་བཅས་འདི་གཉིས་ནི་འཆར་གཞི་ཡོད་ཚུལ་གངས་སྐྱིད་ཁུལ་དུ་གླེང་བཞིན་འདུག་ཅེས་པ་ཙམ་ལས། འདི་རེད་འདུག་ཅེས་ཐག་བཅད་ནས་བྲིས་པ་ཞིག་མིན་པ་ཆེད་བརྗོད་དེ་རང་ནས་ཤེས་ཐུབ།
ད་དུང་”རང་སྣང་ཚད་མར་བཟུང་སྟེ་ཁྲིམས་དོན་གྱི་གནད་དོན་ཐོག་གཞན་ལ་ཁྲིམས་སྒྲིག་གི་གོ་དོན་ལོག་བསྒྱུར་གྱི་ཞྭ་མོ་གཡོགས་ཏེ། རང་ཉིད་ཀྱི་བསམ་ཚུལ་ཁྲིམས་དོན་འགྲེལ་བརྗོད་ཡང་དག་ཡིན་རབ་”སོགས་ཟེར་ཡང་། སྲིད་སྐྱོང་གིས་བར་བརྒལ་བཀའ་འཁྲོལ་དང་འབྲེལ་བའི་སྐོར་ཕ་ཡུལ་དྲ་རྒྱའི་བཅར་འདྲིའི་ལན་འདེབས་སུ་བཤད་འདུག་པ་དང་། ལག་བསྟར་དངོས་སུ་དེ་ལྟར་བྱས་ན་ཁྲིམས་སྒྲིག་གི་གོ་དོན་ལོག་བསྒྱུར་ཁོ་ན་ལས་མ་འདས་པས་རྒྱས་བཤད་མི་དགོས།
ཆེད་བརྗོད་དེའི་མཇུག་ཏུ་”ཅིག་བྱས་ན་ཐོག་མའི་གྲ་སྒྲིག་འདི་ལ་བརྟེན་ནས་རྒྱ་གཞུང་གི་དགོས་འདུན་བཞིན། འཆར་འགོད་ཀྱིས་རིམ་པ་འདི་ལྟ་བུའི་ཐོག་ནས་བོད་མིའི་སྒྲིག་འཛུགས་སྒོ་རྒྱག་རྒྱུའི་དམིགས་ཡུལ་ཞིག་ཀྱང་ཡོད་མི་སྲིད་པ་རེད་མི་འདུག་སྙམ།”ཞེས་ཐེ་ཚོམ་དང་འབྲེལ་བའི་དོགས་སློང་ཞིག་བྱེད་དགོས་དོན་ཡང་། སྲིད་སྐྱོང་གིས་༧གོང་ས་མཆོག་རྒྱ་ནག་ཏུ་གདན་འདྲེན་ཞུས་ནས་ཡང་སྲིད་སྐོར་རྒྱ་གཞུང་དང་མཉམ་གྲོས་མོལ་བྱེད་དགོས་སྐོར་གསར་ལམ་ཁག་ཏུ་བརྐྱངས་སྐུམ་སྣ་ཚོགས་ཤིག་བྱས་སོང་ལ། ༧གོང་ས་མཆོག་རྒྱ་ནག་ཏུ་གདན་འདྲེན་ཞུ་བར་བོད་མིའི་སྒྲིག་འཛུགས་སྒོ་རྒྱག་རྒྱུའི་དགོས་འདུན་འདོན་ངེས་པ་ཞིག་མ་རེད་དམ་བསམ་པ་དང་། ད་ལྟའི་བྱེད་སྟངས་གང་ཐད་ནས་དྲི་བ་འདི་རང་བཞིན་གྱིས་སླེབས་པ་ཞིག་རེད། མདོར་ན་གོང་གསལ་གནད་དོན་འདི་དག་ལ་བརྟེན་ནས་གཞི་མེད་ཀྱི་དཀྲོག་གཏམ་དང་། སྲང་བར་ནང་གི་སྐད་ཆ་བསྒྲུགས་ནས་འགོད་སྤེལ་བྱས་པ་ཞིག་ཡིན་མིན་ནི་ཧ་ཅང་གསལ་པོར་གྱུར་ཡོད།
དེ་བཞིན། “ལྷ་ཆོས་ཀྱི་ཐོག་ནས་མི་དགེ་བའི་ལས་དང༌། མི་ཆོས་ཀྱི་ཐོག་ནས་མ་རབས་ཀྱི་བྱ་སྤྱོད། ཁྲིམས་ལུགས་ཀྱི་ཐོག་ནས་གཞན་ལ་གནོད་འཚེ་བཟོས་པའི་ཁྲིམས་འགལ་ཆགས་རྒྱུའི་ཉེན་ཁ་ཧ་ཅང་ཆེ་བ་ཡོད།”ཟེར་ཡང་། ལྷ་ཆོས་སྐོར་སྐབས་དོན་དང་མ་འབྲེལ་བས་འདིར་མི་བརྗོད་ལ། གོང་དུ་བརྗོད་པ་བཞིན་གནས་ཚུལ་བྱུང་ཟིན་པ་དང་། འབྱུང་རྒྱུར་ཉེ་བའི་གནས་ཚུལ་དག་གི་སྐོར་ཐད་ཀར་སྤེལ་བ་ནི་མི་ཆོས་ཀྱི་ཐོག་ནས་མ་རབས་མིན་པ་ཙམ་དུ་མ་ཟད། མང་གཙོའི་སྤྱི་ཚོགས་ཤིག་ལ་མཚོན་ན་དགོས་ངེས་ཀྱི་ཆ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད། རང་དབང་མང་གཙོའི་སྤྱི་ཚོགས་ནང་གཞུང་ཆེ་ཆུང་ག་འདྲ་ཞིག་ཡིན་ཡང་། མི་གཅིག་གིས་ག་རེ་བྱེད་བྱེད་དུ་གྱུར་པ་དང་། གསར་འགྱུར་བརྒྱུད་ལམ་ཡོངས་རྫོགས་ཀྱིས་དེ་འགེབས་སྲུང་ཁོ་ན་བྱས་ཚེ། དེ་ནི་རྒྱ་ཆེའི་མི་མང་ནག་ཁུང་ནང་འཇོག་ཐབས་བྱས་པ་ཞིག་རེད། དེར་བརྟེན་བརྒྱུད་ལམ་ཁག་གིས་དབང་འཛིན་པར་སྐྱོན་བརྗོད་བྱས་ན། དེའི་དབང་ཤུགས་ལ་བརྟེན་ནས་བརྒྱུད་ལམ་པར་གནོད་འཚེ་འཕོག་ངེས་པའམ། འཕོག་སྲིད་པ་ཞིག་ཡིན་ནའང་། སྤྱི་ཚོགས་དང་སྒྲིག་འཛུགས་ལ་ཕན་ཆེད་གསར་ལམ་ཁག་གིས་ཉེན་ཁ་དེ་དང་དུ་བླངས་པ་ནི། ལྷག་བསམ་གྱིས་གཞི་རྩ་བྱས་པའི་བཟང་སྤྱོད་ཚད་མཐོ་ཤོས་ཤིག་ཏུ་གྱུར་ཡོད།
དེ་བཞིན་ཁྲིམས་ལུགས་ཀྱི་ཐོག་ནས་གཞན་ལ་གནོད་འཚེ་བཟོས་པའི་ཁྲིམས་འགལ་ཆགས་རྒྱུའི་ཉེན་ཁ་ཧ་ཅང་ཆེ་བ་ཡོད། ཟེར་ཡང་། དོན་དངོས་སུ་ནུས་པ་དང་རྒྱབ་དཔུང་གང་ཡང་མེད་པ་ཞིག་ལ་གཞི་མེད་སྐྱོན་འཛུགས་བྱས་ན་གནོད་འཚེ་འཕོག་ངེས་ཀྱང་། བཙན་བྱོལ་བོད་མིའི་ཆབ་སྲིད་དབུ་ཁྲིད་ཀྱིས་ལས་དོན་བྱེད་བཞིན་པ་དང་། ཁ་ནས་ཤོད་བཞིན་པ། བྱ་རྒྱུའི་དོགས་པ་ཡོད་པ་རྣམས་ལ་ཐད་ཀར་བསམ་ཚུལ་བརྗོད་པ་དང་། དོགས་སློང་བྱས་ནས་གནོད་འཚེ་ཇི་ལྟར་ཕོག་གི་རེད་དམ། ལྷག་པར་དུ་སྐྱོན་བརྗོད་བྱེད་ཡུལ་ལ་སྐྱོན་གང་ཡང་མེད་ན་གནོད་འཚེ་གཏན་ནས་ཕོག་མི་སྲིད་རེད།
ད་དུང་ནན་གྱིས་བརྗོད་དགོས་པ་ཞིག་ལ་སྨྲ་བརྗོད་རང་དབང་ནི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༡༢ པ་དང་། རྒྱ་གར་རྒྱལ་ཁབ་ཆེན་པོའི་རྩ་ཁྲིམས་ཀྱི་དོན་ཚན་ ༡༩ པའི་ནང་སྤྲད་པའི་གཞི་རྩའི་ཐོབ་ཐང་དང་རང་དབང་ཞིག་ཡིན་པས། འགན་ཁུར་བའི་ཐོག་ནས་སྨྲ་བརྗོད་རང་དབང་བེད་སྤྱོད་བྱས་པ་དེ་ཁྲིམས་འགལ་དུ་འགྱུར་རྒྱུའི་ཉེན་ཁ་རྩ་བ་ནས་མེད།
བཀའ་ཡིག་དེའི་ནང་”གཞི་རྩ་མེད་པའི་གནས་ཚུལ་དང་། བསམ་ཚུལ། སེམས་ཚོར་འཆལ་ཉོག་ཏུ་སྤེལ་སྟངས་རྣམས་ཆེད་ལས་ཀྱི་བཟང་སྤྱོད་ཁྱེར་སྟངས་དང་། སྤྱི་ཚོགས་ལ་འགན་ཁུར་ཞུ་སྟངས་ཏག་ཏག་ཅིག་ཡོང་གི་མེད་པ་དེ་གྲས་མ་འོངས་པར་བག་ཡོད་བསྟེན་ཕྱོགས་ལ་ཐུགས་སྣང་ཡོང་བ་བཅས་ཡིད་འཇགས་འཚལ།”ཞེས་འཁོད་འདུག་ཀྱང་། གནས་ཚུལ་རྣམས་ལ་གཞི་རྩ་ཡོད་མེད་དང་། བཟང་སྤྱོད་སྐོར་གོང་དུ་བརྗོད་ཟིན་ལ། གསར་འགྱུར་བརྒྱུད་ལམ་གྱིས་སྤྱི་ཚོགས་ལ་འགན་ཁུར་དགོས་དང་མི་དགོས་སྐོར་ནི། གསར་འགོད་རིག་པའི་ལྟ་གྲུབ་དང་འབྲེལ་བའི་རྩོད་གཞི་ཆེན་པོ་ཞིག་ཡིན་ཡང་། ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་པའི་ཆ་ནས་འགན་ལྷག་མ་ཞིག་ཡོད་པར་ངོས་འཛིན་བྱེད་ཆོག འོན་ཀྱང་བརྒྱུད་ལམ་ཁག་གིས་སྲིད་སྐྱོང་གི་ལས་དོན་ལ་སྐྱོན་བརྗོད་བྱས་པ་ཙམ་གྱིས་སྤྱི་ཚོགས་ལ་འགན་ཁུར་སྟངས་འགྲིག་མི་འདུག་ཟེར་བ་ནི། གཞི་རིམ་གྱི་ཐོབ་ཐང་ལ་ཆེད་དུ་དོ་ཕོག་གཏོང་ཐབས་ཀྱི་གནོན་ཤུགས་ཆེན་པོ་ཞིག་ཡིན་པ་མ་ཟད། “བག་ཡོད་བསྟེན་གལ།”ཟེར་བ་དང་། “མ་འོངས་པར་བག་ཡོད་བསྟེན་ཕྱོགས་ལ་ཐུགས་སྣང་ཡོང་བ་བཅས་ཡིད་འཇགས་འཚལ།”ཟེར་བ་ལྟ་བུ་སྨྲ་བརྗོད་རང་དབང་འགོག་ཐབས་ཀྱི་འཇིགས་སྐུལ་ལམ། ཁྲིམས་ཁང་གི་བཀའ་གཏོང་སྟངས་ལྟ་བུའི་བཙན་བཀའ་འདིའི་རིགས་ལ་དང་ལེན་བྱས་ན། རང་དབང་ཅན་གྱི་གསར་ཁང་གི་གོ་གཏན་ནས་མ་ཆོད་པ་ཡིན་པས། མ་འོངས་པར་ཡང་དོ་སྣང་ཆེན་པོའི་ཐོག་ནས་མུ་མཐུད་སྐྱོན་བརྗོད་བྱེད་དགོས་ངེས་རིགས་ལ་ངེས་པར་དུ་བྱ་འཆར་ཡོད།
བརྒྱུད་ལམ་ཁག་ལ་ཆེ་མཐོང་སྤྲད་རབས་ཟེར་ཡང་། དོན་དུ་ཐུག་འཕྲད་བྱས་པ་ཙམ་དང་། མཉམ་པར་བླངས་པ་ཙམ་གྱིས་བརྒྱུད་ལམ་ཁག་ལ་མཐོང་ཆེ་རུ་མི་འགྲོ་བ་མ་ཟད། ཡར་རྒྱས་སུ་དེ་བས་ཀྱང་འགྲོ་ཐུབ་པ་ཞིག་མ་རེད། རང་དབང་ཅན་གྱི་བརྒྱུད་ལམ་ཁག་དབང་འཛིན་པའི་བེད་སྤྱོད་འོག་སོང་ན། བརྒྱུད་ལམ་ཁག་དོན་གྱིས་རུལ་སུངས་ཅན་དུ་གྱུར་སོང་བ་རེད། གཞུང་འཛིན་པས་བརྒྱུད་ལམ་པ་རྣམས་ལ་གཞི་རྩའི་རང་དབང་དང་ཐོབ་ཐང་ལ་དོ་ཕོག་གཏོང་རྒྱུའི་སྦྱོར་བ་མ་བརྩམས་ན། རང་རང་གི་ས་ནས་ནུས་པ་དང་མཐུན་རྐྱེན་ལ་དཔག་པའི་གོམ་པ་སྤོ་ངེས་རེད། མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ཅིག་གི་ངོས་ནས་ཐབས་ཤེས་གང་ཡོད་ཀྱིས་བརྒྱུད་ལམ་ཁག་ཚང་མ་རང་ཉིད་ཀྱི་འོག་ཏུ་ཡོད་པ་ཞིག་བྱ་རྒྱུའི་བསམ་བློ་བཏང་བ་དང་འཆར་གཞི་འཐེན་པ། ཁ་ལ་མི་ཉན་མཁན་དག་ལ་སྡིགས་ར་བསྐུལ་ནས་མགོ་འགྱོགས་ཐབས་མེད་པ་བཟོ་རྒྱུའི་རེ་བ་བརྒྱབ་ན། དེ་ནི་མང་གཙོའི་ལྟ་གྲུབ་དང་གོམས་སྲོལ་གང་ཐད་ལ་རྒྱབ་ཀྱིས་ཕྱོགས་པ་ཞིག་དང་། བཙན་བྱོལ་བོད་མི་རྣམས་མུན་ནག་གི་ལམ་ཁ་ཞིག་ཏུ་འཁྲིད་འཆར་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་པ་བཅས།།
བོད་ཀྱི་བང་ཆེན་གྱི་རྩོམ་སྒྲིག་པས་ཕྱི་ལོ་༢༠༢༡ ཟླ་༧ ཚེས་༡༩ ཉིན།
༄༅།།བོད་ཀྱི་བང་ཆེན་རྩོམ་སྒྲིག་པ་གང་དེར།
ཆེད་དོན།ཁ་སང་ཕྱི་ཚེས་༡༥ཉིན་གྱི་དེ་གའི་དྲ་རྒྱའི་སྟེང་།མི་གཅིག་དབང་འཛིན་གྱི་དུས་སྐབས་ཟེར་བའི་རྩོམ་སྒྲིག་པའི་ཆེད་བརྗོད་ཅིག་བཏོན་ཏེ།སྐབས་གསར་པའི་བཀའ་ཤག་གི་ལས་དོན་བྱེད་ཕྱོགས་ལ་སྐྱོན་འཛུགས་ཇི་སྙེད་ཅིག་འབྲི་འགོད་བྱས་འདུག
དཔལ་ལྡན་སྲིད་སྐྱོང་མཆོག་གི་ངོས་ནས་གསར་འགྱུར་བརྒྱུད་ལམ་ལ་གུས་བརྩི་དང་ཆེ་མཐོང་ཕུལ་བའི་ཐོག་ནས།གསར་འགྱུར་ལས་ཁང་རྣམས་ནུས་ལྡན་བཟོ་རྒྱུའི་དགོངས་གཞི་རྒྱ་ཆེན་ཡོད་པ་དེ་མང་གཙོའི་ཀ་བ་བཞི་པའི་གལ་གནད་ལ་གཟིགས་པ་ཙམ་དུ་མ་ཟད།སྤྱི་ཚོགས་ནང་འཛིན་སྐྱོང་གི་སྤྱི་ཡོངས་བྱེད་སྒོ་ཕྱི་གསལ་ནང་གསལ་བཟོས་ཏེ།དཀྲོག་གཏམ་དཀྲུག་ཤིང་གི་སྒོ་འགོག་པའི་ཐབས་ཤེས་གལ་ཆེན་ཞིག་ཏུ་ངོས་འཛིན་གནང་ནས་ཕྱག་བསྟར་བཞིན་པ་ཡོངས་གྲགས་ལྟར་དང་།ཕྱི་ལོ་༢༠༢༡ཟླ་༦ཚེས་༤ཉིན་གངས་སྐྱིད་དུ་བོད་རིགས་གསར་འགོད་པ་རྣམ་པར་མཇལ་མོལ་དང་།ཟླ་༧ཚེས་༡ཉིན་གསར་འགོད་པ་རྣམས་ཐུག་འཕྲད་ཀྱིས་དྲི་བ་དྲིས་ལན་གནང་ཡོད་པ་སོགས་ཀྱི་བརྒྱུད་རིམ་རྣམས་གསར་ཁང་དེ་ནས་ཀྱང་མཁྱེན་རྟོགས་ཡོད་དགོས་ངེས།
སྤྱིར་ན་གསར་ཁང་གང་ཞིག་གི་རྩོམ་སྒྲིག་པའམ་གསར་འགོད་པས་འཛིན་སྐྱོང་བཀའ་ཤག་གི་ལས་དོན་ཐོག་གཟིགས་ཚུལ་དང་།ཐུགས་ཚོར་གང་བྱུང་འཛེམས་ཟོན་མེད་པར་སྤེལ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཡིན་པས་དགའ་བསུ་བྱེད་དགོས་སྨོས་མེད་ཡིན་ནའང་།དེ་ལྟར་བྱེད་པ་ལ།དམའ་མཐར་ཡང་གནས་ཚུལ་གང་དེ་བྱུང་ཡོད་མེད་ཀྱི་ཁུངས་འཕེར་གཞི་རྩ་ཡོད་དགོས་པ་དང་།ཡང་ན་འབྱུང་ཉེན་ཡོད་པ་གང་དེ་རྒྱུ་མཚན་ཡང་དག་ལ་བརྟེན་ནས་ཚོད་དཔག་ཚད་ལྡན་བྱས་པ་ཞིག་ཡིན་དགོས་པ་ལས།གཞི་མེད་ཀྱི་དཀྲོག་གཏམ་དང་།སྲང་བར་ནང་གི་སྐད་ཆ་བསྒྲུགས་ནས་འགོད་སྤེལ་དང་དཔྱད་གླེང་བྱས་ཚེ།དེ་ལས་བྱུང་བའི་གཟིགས་ཚུལ་དང་ཐུགས་ཚོར་དེ་དག་ལྷ་ཆོས་ཀྱི་ཐོག་ནས་མི་དགེ་བའི་ལས་དང༌།མི་ཆོས་ཀྱི་ཐོག་ནས་མ་རབས་ཀྱི་བྱ་སྤྱོད།ཁྲིམས་ལུགས་ཀྱི་ཐོག་ནས་གཞན་ལ་གནོད་འཚེ་བཟོས་པའི་ཁྲིམས་འགལ་ཆགས་རྒྱུའི་ཉེན་ཁ་ཧ་ཅང་ཆེ་བ་ཡོད།
ལྷག་པར་དུ་རང་སྣང་ཚད་མར་བཟུང་སྟེ་ཁྲིམས་དོན་གྱི་གནད་དོན་ཐོག་གཞན་ལ་ཁྲིམས་སྒྲིག་གི་གོ་དོན་ལོག་བསྒྱུར་གྱི་ཞྭ་མོ་གཡོགས་ཏེ།རང་ཉིད་ཀྱི་བསམ་ཚུལ་ཁྲིམས་དོན་འགྲེལ་བརྗོད་ཡང་དག་ཡིན་རབ་དང་།བོད་མིའི་སྒྲིག་འཛུགས་སྒོ་རྒྱག་རྒྱུའི་དམིགས་ཡུལ་སྦས་ཡོད་ཚུལ་གྱི་ཉེས་འཛུགས་ཚབས་ཆེན་དེ་ལྟ་བུ་གཞན་མགོར་གཡོགས་པའི་བྱེད་སྟངས་དེ་རིགས་ནི་མཐར་ལྷུང་གི་གཏམ་སྤྱོད་ཡིན་པས།བག་ཡོད་བསྟེན་གལ།
ཆེད་ལས་ཀྱི་སྤྱོད་བཟང་ནི་གསར་འགོད་རང་དབང་བདེ་ཐང་ངང་འཚོ་གནས་དང་།ཡར་རྒྱས་གོང་འཕེལ་གྱི་རྨང་གཞི་ཡིན་ཞིང་།དེ་ཡང་།འགོད་སྤེལ་བྱ་རྒྱུའི་གནས་ཚུལ་དེ་ཉིད་ཁུངས་ལྡན་དུ་བྱ་བ་ལ་གནས་ཚུལ་དེའི་ཕྱོགས་མཚམས་སོ་སོ་ནས་རྒྱུ་ཆ་འཚོལ་སྒྲུབ་བྱེད་དགོས་པ་ལས།དཀྲོག་གཏམ་ལ་གཞི་བཅོལ་བའམ།མི་བདེན་པའི་གནས་ཚུལ་བཟོས་ནས་འགྲེམས་སྒྲོགས་བྱས་ཚེ།གསར་འགོད་ཆེད་ལས་ཀྱི་གོམ་པ་འགོ་འཛུགས་བྱེད་ས་རང་ནས་འདྲེད་བརྡབ་ཤོར་བ་རེད།
ད་ལྟའི་ཆར་དཔལ་ལྡན་སྲིད་སྐྱོང་མཆོག་དང་།མགྲིན་ཚབ་པ་བརྒྱུད་འཛིན་སྐྱོང་གི་གནས་ཚུལ་རྒྱུས་ལོན་གྱི་སྒོ་མོ་རྟག་ཏུ་ཕྱེས་ཕྱེས་པར་ཡིན་པ་གསར་ཁང་དེ་གའི་ངོས་ནས་མ་མཁྱེན་པ་མི་སྲིད་ནའང་།ཆེད་བརྗོད་དེའི་ནང་གཞི་རྩ་མེད་པའི་གནས་ཚུལ་དང་།བསམ་ཚུལ།སེམས་ཚོར་འཆལ་ཉོག་ཏུ་སྤེལ་སྟངས་རྣམས་ཆེད་ལས་ཀྱི་བཟང་སྤྱོད་ཁྱེར་སྟངས་དང་།སྤྱི་ཚོགས་ལ་འགན་ཁུར་ཞུ་སྟངས་ཏག་ཏག་ཅིག་ཡོང་གི་མེད་པ་དེ་གྲས་མ་འོངས་པར་བག་ཡོད་བསྟེན་ཕྱོགས་ལ་ཐུགས་སྣང་ཡོང་བ་བཅས་ཡིད་འཇགས་འཚལ།བཀའ་དྲུང་ཡིག་ཚང་ནས་ཕྱི་ལོ་༢༠༠༡ཟླ་༧ཚེས་༡༦ལ།།