ཡུ་རོབ་ཀྱི་ཁུལ་དུ་ཐན་པའི་དཀའ་ངལ་འཕྲད་བཞིན་འདུག
ཟླ་འདིའི་ཚེས་༣༠ ཉིན་(The Free Press Journal) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཡུ་རོབ་ཏུ་འདས་པའི་ལོ་ངོ་༥༠༠ རིང་བྱུང་མ་མྱོང་བའི་ཐན་པའི་དཀའ་ངལ་ཆེ་ཤོས་དེ་ཕྲད་ཡོད་པའི་གནས་ཚུལ་ཐོན་འདུག
འདས་པའི་ཟླ་བ་ཁ་ཤས་ཀྱི་ནང་དུ་ཡུ་རོབ་ཀྱི་དབུས་དང་ནུབ། དེ་བཞིན་ལྷོ་ཕྱོགས་ཀྱི་ས་ཁུལ་མང་པོའི་ནང་ལ་ཆར་ཆུ་དཀོན་པ་དང་གནམ་གཤིས་ཀྱི་ཚ་དྲོད་འཕེལ་པའི་དབང་གིས་ད་ལྟའི་ཆར་ཡུ་རོབ་ཀྱི་ས་ཁྱོན་གསུམ་ཆ་གཉིས་ཙམ་ཞིག་ལ་ཐན་པ་བྱུང་ཉེན་གྱི་ཉེན་བརྡའི་འོག་ཏུ་གནས་ཡོད་པའི་གནས་ཚུལ་ཐོན་འདུག
སྤྱི་ལོ་༢༠༠༣ དང་༢༠༡༠ དེ་བཞིན་སྤྱི་ལོ་༢༠༡༨ བཅས་ལ་ཡུ་རོབ་ཀྱི་ས་ཁུལ་མང་པོ་ལ་ཐན་པ་བྱུང་བའི་དཀའ་ངལ་ཆེན་མོ་ཕྲད་ཡོད་པ་དང་། ལྷག་པར་དུ་སྤྱི་ལོ་༢༠༡༨ ལོའི་ཐན་པའི་དཀའ་ངལ་ནི་འདས་པའི་ལོ་ངོ་མང་པོའི་རིང་གི་ཐན་པ་ཆེ་ཤོས་སུ་འདོད་བཞིན་ཡོད་ན་ཡང་། ཡུ་རོབ་ཀྱི་ཞིབ་འཇུག་ལྷན་ཚོགས་ཀྱིས་ལོ་འདིའི་ཐན་པ་ནི་འདས་པའི་ལོ་ངོ་༥༠༠ ནང་གི་ཐན་པ་ཆེ་ཤོས་དེ་ཡིན་རབས་བརྗོད་ཡོད་འདུག
ཡུ་རོབ་ཀྱི་ས་ཁུལ་མང་པོའི་ནང་གི་གནས་གཤིས་ཀྱི་དྲོད་ཚད་ནི་སེ་དྲོད་༤༠ (degrees Celsius) ལྷག་བསླེབས་ཡོད་པ་དང་། ཚ་དྲོད་ཧ་ཅང་ཆེ་བའི་ལོ་འདིའི་དབྱར་དུས་ལྟ་བུ་ཞིག་ནི་སྤྱི་ལོ་༡༥༤༠ ནས་བཟུང་ད་ལྟའི་བར་བྱུང་མྱོང་མེད་རབས་བརྗོད་བཞིན་འདུག
ཡུ་རོབ་ཀྱི་ཁུལ་དུ་ཆུ་བོ་མང་པོ་སྐམ་པས་ཞིང་ལས་ཐོན་རྫས་ལ་དཀའ་ངལ་འཕྲད་བཞིན་པ་མ་ཟད། ཆུ་ཐོག་ལ་གྲུ་གཟིངས་ཆེན་མོ་དག་གཏོང་མ་ཐུབ་པར་བརྟེན་དངོས་ཟོག་ཡར་མར་སྐྱེལ་འདྲེན་བྱེད་རྒྱུ་ལ་ཡང་དཀའ་ངལ་འཕྲད་ཡོད་འདུག དེ་བཞིན་ཆུ་གློག་དང་འབྲུ་རིགས་ཀྱི་གོང་ཚད་ཀྱང་འཕར་ཡོད་པའི་གནས་ཚུལ་ཐོན་འདུག
བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨེ་ཊ་ལི་ཡི་ནང་དུ་ཐན་པ་བྱུང་ནས་ཞིང་ལས་ཀྱི་ཐོན་རྫས་བརྒྱ་ཆ་༣༠% ལ་དོ་ཕོག་ཕྱིིན་ཡོད་རབས་བརྗོད་འདུག་ལ། པོ་ཞེས་པའི་ཨེ་ཊ་ལིའི་ཆུ་བོ་དེ་ནི་ཨེ་ཊ་ལི་ཡི་རྒྱུག་ཆུ་རིང་ཤོས་ཤིག་ཡིན་པ་དང་དེ་ལ་ཆུ་བོའི་རྒྱལ་པོ་ཞེས་བརྗོད་སྲོལ་ཡོད་ཀྱང་། ད་ལྟའི་ཆར་གནམ་གཤིས་ཚ་དྲོད་ཆེ་བའི་དབང་གིས་ཆུ་བོ་དེའི་རྒྱུན་ལྡན་གྱི་མཐོ་ཚད་ལས་མི་ཊར་གཉིས་ཤིག་མར་ཆག་ཡོད་འདུག་ལ། དམག་ཆེན་གཉིས་པའི་སྐབས་སུ་གས་འཐོར་ཕྱིན་མེད་པའི་འབར་རྫས་ཤིག་ཀྱང་ཆུ་བོ་དེ་ལས་ཕྱི་ལ་མངོན་ཡོད་པའི་གནས་ཚུལ་ཐོན་འདུག
ཡུ་རོབ་ཀྱི་ཁུལ་དུ་ཚ་དྲོད་ཇེ་ཆེ་ཕྱིན་པའི་རྐྱེན་གྱིས་ལོ་འདི་གཅིག་པུའི་ནང་དུ་ཤིང་ནགས་ཧེཀ་ཊར་༧༠༠,༠༠༠ ལྷག་མེ་སྐྱོན་ཤོར་ཡོད་པའི་གནས་ཚུལ་ཐོན་འདུག།
གསར་འགོད་པ་བློ་བཟང་རྒྱ་མཚོ།
