འདི་ལོར་འཛམ་གླིང་ཁྱོན་ཡོངས་ལ་ཕྱུག་བདག་གི་གྲངས་འབོར་༢༧༨༡ ཟིན་འདུག
ཟླ་འདིའི་ཚེས་༤ ་ཉིན་རྒྱལ་སྤྱིའི་གསར་གྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༤ ལོ་འཛམ་གླིང་ཁྱོན་ཡོངས་ལ་ཕྱུག་བདག་གི་གྲངས་འབོར་༢༧༨༡ ་ཟིན་ཞིང་། ན་ནིང་ལོའི་གྲངས་འབོར་དང་བསྡུར་ན་ཐེར་འབུམ་གྱི་བདག་པོ་༡༤༡ མང་དུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་ཕྱི་ལོ་༢༠༢༤ ་ལོའི་འཛམ་གླིང་ཁྱོན་ཡོངས་ཀྱི་འབྱོར་ལྡན་རྣམས་ཀྱི་ཐོ་གཞུང་ཞིག་ཕྱིར་བསྒྲགས་བྱས་ཡོད་པར་ལྟར་ན། ད་ལྟའི་ཆར་ཨ་རིའི་ནང་ཨ་སྒོར་ཐེར་འབུམ་གྱི་བདག་པོ་༨༡༣ ཡོད་པ་དང་རྒྱ་ནག་ནང་༤༧༣ ། རྒྱ་གར་ནང་༢༠༠་བཅས་འཛམ་གླིང་ཁྱོན་ཡོངས་ལ་ཨ་སྒོར་ཐེར་འབུམ་གྱི་བདག་པོ་༢༧༨༡ ཟིན་ཡོད་ཅིང་། དེ་དག་གི་ཁྲོད་ཕྱུག་བདག་༣༦༩ ནི་བུད་མེད་ཆགས་ཀྱི་ཡོད་འདུག ན་ནིང་ལོའི་གྲངས་འབོར་དང་བསྡུར་ན་ལོ་འདིའི་ནང་འཛམ་གླིང་ཁྱོན་ཡོངས་ལ་ཐེར་འབུམ་གྱི་བདག་པོ་༡༤༡ མང་དུ་ཕྱིན་ཡོད་འདུག
འཛམ་གླིང་ནང་ཕྱུག་བདག་ལོ་ན་ཆེ་ཤོས་དེ་ལོ་༡༠༢ ་ཟིན་ཡོད་པ་དང་ཆུང་ཤོས་དེ་ལོ་ན་༡༩ ་ཟིན་པའི་བྷར་ཛིལ་གྱི་བུ་མོ་ཞིག་ཆགས་ཡོད་འདུག། ཕྱུག་བདག་ཚོའི་ཆ་སྙོམས་ཀྱི་ལོ་ཚད་ནི་༦༦ ་ཡིན་ཡང་། ཕྱུག་བདག་༡༥ ་ནི་ལོ་ན་༣༠ ་འོག་གི་གཞོོན་སྐྱེས་ཡིན་ཞིང་ཁོང་ཚོ་མང་ཆེ་བ་ནི་ཕ་ཤུལ་རྒྱུད་འཛིན་བྱེད་མཁན་གྱུར་ཡོད་འདུག
དེ་བཞིན་འཛམ་གླིང་ཁྱོན་ཡོངས་ལ་ཕྱུག་བདག་ཨང་དང་པོ་ནི་ཨ་སྒོར་ཐེར་འབུམ་༢༣༣ ་ཡི་བདག་པོ་དང་ལོ་ན་༧༥ ་སོན་པའི་ཧྥ་རན་སིའི་ཚོང་པ་(Bernard Arnault) ་ཟེར་བ་ཁོང་ཡིན་ཞིང་། ཕྱི་ལོ་༢༠༢༣ ་དང་ཕྱི་ལོ་༢༠༢༤ ་བཅས་བསྟུད་མར་ལོ་གཉིས་ཀྱི་རིང་ཁོང་ལ་འཛམ་གླིང་གི་ཕྱུག་བདག་ཨང་དང་པོའི་མཚན་གནས་ཐོབ་ཡོད་པ་མ་ཟད། ཁོང་དང་ཕྱུག་བདག་ཨང་གཉིས་པ་སོན་མཁན་ཨེག་སི་(X) ་དྲྭ་རྒྱའི་བདག་པོ་ཨེ་ལོན་མ་སི་ཁི་བར་ཨ་སྒོར་ཐེར་འབུམ་༣༨ ་ཀྱིས་ཁྱད་པར་ཤོར་ཡོད་འདུག གཞན་ཡང་ཕྱུག་བདག་ཨང་གསུམ་པ་ནི་(Amazon) ་ཚོང་གཉེར་ཁང་གི་བདག་པོ་(Jeff Bezos) ་དང་ཨང་བཞི་པ་ངོ་དེབ་ཀྱི་བདག་པོ་(Mark Zuckerberg) ་བཅས་ཆགས་ཡོད་འདུག
ན་ནིང་ལོ་དང་བསྡུར་ན་རྒྱ་གར་ནང་ཕྱུག་བདག་༢༥ ་མང་དུ་ཕྱིན་ཡོད་ཅིང་། ཨུ་རུ་སུ་དང་ཡུག་རེན། དེ་བཞིན་ཨི་སི་རེལ་དང་ཧ་མ་སི་སོགས་ཀྱི་དམག་འཁྲུག་ལངས་པར་བརྟེན། གོ་ལའི་ཁྱོན་ཡོངས་ཀྱི་དཔལ་འབྱོར་ལ་གྱོང་གུད་ཕོག་ཡོད་ན་ཡང་། འཛམ་གླིང་ཐོག་གི་ཕྱུག་བདག་ཚོ་ནི་སྔ་ལས་ཇེ་ཕྱུག་ཏུ་ཕྱིན་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།