འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཆེད་ལས་པ་རྒྱ་ནག་གིས་བཀག་འགོག་བྱས་འདུག

རྒྱལ་སྤྱིའི་ནང་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་དེ་གསལ་པོ་ཤེས་རྟོགས་ཐུབ་ཆེད་དུ་རང་དབང་ཅན་གྱི་ཉམས་ཞིབ་དགོས་སྐོར་བརྗོད་མཁན་མང་པོ་ཡོད་མེད་ལ་མ་ལྟོས་པར། རྒྱ་ནག་གིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཆེད་ལས་པ་ཝུ་ཧན་གྲོང་ཁྱེར་དུ་ཉམས་ཞིབ་བྱེད་པར་འགྲོ་རྒྱུར་བཀག་འགོག་བྱས་ཡོད་འདུག 

ཟླ་༡ པོའི་ཚེས་༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་(Tedros Adhanom Ghebreyesus )གྱིས། རྒྱ་ནག་གིས་འཛམ་གླུང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཆེད་ལས་པ་རྣམས། ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཐོག་ཉམས་ཞིབ་བྱེད་ཆེད་དུ་རྒྱ་ནག་ཏུ་འགྲུལ་བཞུད་བྱེད་རྩིས་བྱས་སྐབས་བཀག་འགོག་བྱས་ཡོད་པས། བློ་ཕམ་ཆེན་པོ་ཡོད་སྐོར་བརྗོད་འདུག 

དེ་ཡང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚན་རིག་པ་གཉིས་རང་ཡུལ་ནས་ཐོན་ཏེ། ཝུ་ཧན་གྲོང་ཁྱེར་ལ་འགྲུལ་བཞུད་བྱས་སྐབས་སུ། རྒྱ་ནག་གཞུང་གིས་ཁོ་གཉིས་ལ་དགོས་ངེས་ཀྱི་ཆོག་མཆན་སྤྲད་མེད་སྐོར་བརྗོད་ནས། རྒྱ་ནག་ནང་དུ་འཛུལ་རྒྱུར་བཀག་འགོག་བྱས་ཡོད་འདུག 

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་གྱིས། རྒྱ་ནག་གི་མཐོ་རིམ་ལས་བྱེད་དང་འབྲེལ་བ་བྱས་ནས། ལས་དོན་དེ་ནི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་དང་རྒྱལ་སྤྱིའི་རུ་ཁག་ལ་ལས་དོན་གལ་གནད་ཆེ་ཤོས་ཤིག་ཡིན་པ་དང་། ལས་དོན་དེ་གང་མགྱོགས་སྤེལ་རྒྱུའི་འདོད་པ་ཡོད་པ་བརྡ་ལན་སྤྲད་ཡོད་པ་དང་། རྒྱ་ནག་གི་ཕྱོགས་ནས་གང་མགྱོགས་ལས་དོན་དེ་སྤེལ་རྒྱུ་ཡོང་བ་བཟོ་རྒྱུ་ཁས་ལེན་བྱས་སྐོར་བརྗོད་འདུག 

ཟླ་༥ པའི་ནང་རྒྱལ་ཁབ་༡༠༠ ལས་མང་བས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཐོག རང་དབང་ལྡན་པའི་ཞི་འཇུག་དགོས་པའི་གྲོས་ཆོད་ལ་མིང་རྟགས་བཀོད་རྗེས། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཁས་ལེན་བྱས་ཡོད་ཀྱང་། ད་བར་རྒྱ་ནག་གཞུང་གིས་ཉམས་ཞིབ་པ་རྣམས་རྒྱ་ནག་ཏུ་གཏོང་གི་མེད་པས། ལས་དོན་ལ་གྲུབ་འབྲས་ཐོན་མེད་ཁར། རྗེས་སུ་རང་དབང་ཅན་གྱི་ཉམས་ཞིབ་རུ་ཁག་ཝུ་ཧན་དུ་འགྲོ་ཐུབ་པ་ཆགས་སྲིད་ཀྱང་། སྐབས་དེར་ཉམས་ཞིབ་བྱེད་ཡུལ་རྣམས་རང་སོར་ལྷག་ཡོད་མེད་ཀྱང་དོགས་པ་ཡིན་པ་རེད་འདུག 

ཨོ་སི་ཀྲོ་ལི་ཡ་དང་ཨ་རི་གཉིས་ཀྱིས་ཏོག་དབྱིབས་ནད་དུག་ཐོག་མར་ཁྱབ་གདལ་སོང་སྐབས། རྒྱ་ནག་གཞུང་གིས་ནད་ཡམས་ཀྱི་ཛ་དྲག་རང་བཞིན་ཆུང་དུ་གཏོང་ཐབས་དང་འགེབས་སྲུང་བྱས་པར་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་མ་ཟད། ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཐོག་ཞིབ་འཇུག་རང་དབང་ལྡན་པ་དགོས་པའི་དགོས་འདུན་འདོན་མཁན་ཤུགས་ཆེ་ཤོས་གཉིས་ཆགས་ཡོད་པ་རེད། དེ་ལ་བརྟེན་ནས་ཨོ་སི་ཀྲོ་ལི་ཡ་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་ཚད་དམའ་ཤོས་སུ་ཆགས་ཡོད་པ་རེད། 

ཨ་རིའི་སྲིད་འཛིན་ཊོམ་གྱིས་འཛམ་གླིང་ནང་ཏོག་དབྱིབས་ནད་དུག་ཁྱབ་གདལ་གཏོང་མཁན་ནི་རྒྱ་ནག་ཁོ་ན་ཡིན་པ་དང་། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་རྒྱ་ནག་གི་གནོན་ཤུགས་འོག་མགོ་བསྒུར་ནས། ཏོག་དབྱིབས་ནད་དུག་གི་ཛ་དྲག་གནས་སྟངས་ཐོག་འཛམ་གླིང་མི་མང་ལ་མགོ་སྐོར་བཏང་ཡོད་པའི་སྐྱོན་བརྗོད་བསྟུད་མར་བྱས་ཡོད་པ་རེད་ལ། ཨ་རི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་ཕྱིར་འཐེན་བྱེད་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད།

རྒྱལ་སྤྱིའི་ནང་དུ་རྒྱ་ནག་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་འགོ་སྟོད་དུ། ནད་པའི་ཁ་གྲངས་ཆེད་དུ་མངགས་ནས་ཉུང་བ་བཏོན་ཡོད་པའི་གསང་བའི་ཡིག་ཆ་ཕྱིར་ཐོན་ཡོད་པ་རེད། ད་ལྟའི་ཆར་རྒྱ་ནག་གི་དཔོན་རིགས་དང་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཀྱི་ལོ་རྒྱུས་འགྱུར་བ་གཏོང་ཐབས་བྱེད་བཞིན་འདུག དེ་ཡང་ཁོ་ཚོས་ཉམས་ཞིབ་མང་པོ་བྱས་པ་བརྒྱུད། ཏོག་ནད་ཁྱབ་གདལ་དེ་འཛམ་གླིང་གི་ས་གནས་མང་པོར་ཁྱབ་གདལ་ལོག་ཁ་བྱུང་ཡོད་པའི་བསམ་ཚུལ་ཐོན་བཞིན་ཡོད་སྐོར་དང་། དེ་བཞིན་རྒྱ་ནག་ནང་དུ་གྲོང་ཁྱེར་མང་པོའི་ནང་ནད་དུག་ཁྱབ་གདལ་སོང་ཡོད་ཁར། ནད་འབུ་དེ་དག་ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་བཟའ་ཆས་དང་ཅ་དངོས་ཐོག་ཏུ་ཡང་རྙེད་སོན་བྱུང་ཡོད་ཚུལ་གྱི་གནས་ཚུལ་བརྗོད་ནས། ནད་དུག་གི་འབྱུང་ཁུངས་ལོ་རྒྱུས་འགྱུར་བ་གཏོང་གང་ཐུབ་བྱེད་བཞིན་ཡོད་འདུག 

ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་ནད་ཁྱབ་གདལ་རྐྱེན་གྱིས་དཔལ་འབྱོར་ལ་གྱོང་གུད་ཆེན་པོ་འབྱུང་བཞིན་ཡོད་ཀྱང་། རྒྱ་ནག་གི་དཔལ་འབྱོར་མུ་མཐུད་ནས་ཡར་རྒྱས་འགྲོ་བཞིན་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།