འཛམ་གླིང་རྐང་སྤོལ་འགྲན་སྡུར་འགོ་འཛུགས་བྱས་སོང་།
འཛམ་གླིང་ནང་རྩེད་འགྲན་ཆེ་ཤོས་དང་དགའ་མོས་ཆེ་ཤོས་བྱེད་ཡུལ། འཛམ་གླིང་རྐང་སྤོལ་འགྲན་སྡུར་ཐེངས་༢༡ པ་དེ་ཨུ་རུ་སུར་འགོ་འཛུགས་བྱས་ཡོད་པ་དང་། ཨུ་རུ་སུར་འཛམ་གླིང་རྐང་སྤོལ་འགྲན་སྡུར་འཚོགས་པ་ཐེངས་དང་པོ་ཡིན་པ་རེད།
ཟླ་༦ པའི་ཚེས་༡༤ ཉིན་ཨུ་རུ་སུར་རྒྱལ་ཁབ་༣༢ བར་གྱི་འཛམ་གླིང་རྐང་སྤོལ་རྩེད་འགྲན་ཐེངས་༢༡ པ་དེ་འགོ་འཛུགས་བྱས་ཡོད་པ་དང་། གཞས་སྣ་འཁྲབ་སྟོན་གྱི་རྗེས་སུ་ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་གྱིས་གཏམ་བཤད་ཐུང་ངུ་ཞིག་བྱས་ཏེ། རྩེད་འགྲན་དངོས་སུ་འགོ་འཛུགས་བྱས་སོང་།
རྩེད་འགྲན་དང་པོ་དེ་རྒྱུན་གཏན་གྱི་འགྲོ་ལུགས་ལྟར། རྩེད་འགྲན་འཚོག་ཡུལ་གྱི་རྒྱལ་ཁབ་ཨུ་རུ་སུ་དང་སོ་ཌི་ཨ་རབ་བར་བྱས་ཏེ། མཐའ་མའི་གྲུབ་དོན་དུ་ཨུ་རུ་སུས་སྤོ་ལོ་ལྔ་བླུུགས་ནས་རྒྱལ་ཁ་བླངས་ཡོད་པ་དང་། སོ་ཌི་ཨ་རབ་ཀྱིས་སྤོ་ལོ་གཅིག་ཀྱང་བླུགས་ཐུབ་མེད་པ་རེད།
ཐེངས་འདིའི་རྩེད་འགྲན་ནང་མཉམ་ཞུགས་བྱེད་མཁན་རུ་ཁག་༣༢ ཡོད་པ་དང་། དེའི་ནང་གོ་སྒྲིག་བྱེད་མཁན་གྱི་རྒྱལ་ཁབ་ཨུ་རུ་སུའི་རུ་ཁག་མ་གཏོགས། གཞན་རྒྱལ་ཁབ་༣༡ ཀྱི་རུ་ཁག་རྣམས་རྩེད་འགྲན་དུ་ཚུད་ཆེད་དུ། རྩེད་འགྲན་མང་པོ་ཞིག་བྱས་ཏེ་ཚུད་པ་ཡིན་འདུག རྩེད་འགྲན་ནང་དུ་ཚུད་ཆེད་དུ་རྒྱལ་ཁབ་༢༡༠ ཡི་རྩེད་འགྲན་བྱས་ཡོད་འདུག
ཟླ་༦ པའི་ཚེས་༡༤ ནས་ཟླ་༧ པའི་ཚེས་༡༥ བར་རྩེད་འགྲན་ཐེངས་༦༤ བྱེད་རྒྱུ་ཡིན་པ་དང་། རྩེད་འགྲན་དེ་དག་རྩེད་ཐང་མི་འདྲ་བ་༡༢ ཐོག་བྱེད་རྒྱུ་ཡིན་པ་རེད། ཐེངས་འདིའི་རྩེད་འགྲན་ནང་། མཐའ་མའི་རྒྱལ་ཁ་ཐེངས་༥ ལེན་མྱོང་མཁན་བྷེ་ར་ཛེལ་དང་། སྐབས་སྔོན་མའི་རྒྱལ་ཁ་ལེན་མཁན་འཇར་མན། དེ་བཞིན་སི་པཱན་དང་ཨར་ཇེན་ཌི་ན། ཧྤ་རན་སི་བཅས་ཀྱི་ཁོངས་ནས་མཐའ་མའི་རྒྱལ་ཁ་ལེན་མཁན་བྱུང་རྒྱུ་ཡིན་པར་ཚོད་དཔག་བྱེད་མཁན་མང་པོ་ཡོད་འདུག
ཐེངས་འདིའི་རྩེད་འགྲན་ནང་ཐེངས་དང་པོ་ཚུད་མཁན་གྱི་རྒྱལ་ཁབ་གཉིས་ནི་ཨེ་སི་ལན་ཌེ་དང་པཱ་ན་མཱ་ཡིན་པ་དང་། རྩེད་འགྲན་ནང་མ་ཚུད་མཁན་གྱི་རུ་ཁག་སྐད་གྲགས་ཆེ་ཤོས་གཉིས་ནི། དེ་སྔོན་མཐའ་མའི་རྒྱལ་ཁབ་ཐེངས་༤ ལེན་མྱོང་མཁན་ཨི་ཊ་ལི་དང་། ཧོ་ལེན་ཌ་ཡིན་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།
