འཛམ་གླིང་སྤྱི་བསང་།

དེ་རིང་ནི་བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་དང་ཕྱི་ཟླ་༧ ཚེས་༣ སྟེ་འཛམ་གླིང་སྤྱི་བསང་གི་དུས་སྟོན་ཁྱད་པར་ཅན་ཞིག་ཡིན་པ་དང་། ཉིན་མོ་འདིར་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གུང་གསེང་རེད་འདུག་ལ། བོད་མི་སེར་སྐྱ་མང་པོ་ཞིག་གིས་བསང་མཆོད་འབུལ་བ་དང་རླུང་རྟ་སྒྲོན་པ། དེ་བཞིན་སྤྲོ་སྐྱིད་གཏོང་བ་སོགས་བྱེད་བཞིན་འདུག
འཛམ་གླིང་སྤྱི་བསང་ཞེས་པ་ནམ་ཞིག་དར་མིན་དང་མིང་ཐོགས་སྟངས་ལ་བཤད་སྲོལ་མི་འདྲ་བ་ཁ་ཤས་ཡོད་པ་ལས། ཐོག་མར་བོད་རྒྱལ་སྤུ་དེ་གུང་རྒྱལ་དུས་སུ་བོན་གྱི་གྲུབ་ཆེན་སྟོང་རྒྱུང་མཐུ་ཆེན་གྱིས་སྲོལ་དུ་གཏོད་པ་དང་ཉིན་མོ་འདིར་རྒྱལ་པོ་དང་བཙུན་མོ། དེ་བཞིན་བློན་པོ་བཅས་འཁོར་གྱི་ཚོགས་ཀུན་གོས་ལྷམ་ཞྭ་གསུམ་གཟབ་སྤྲས་གང་རྒྱས་བྱས་ནས་རི་གསོལ་དང་བསང་དུད་གཏོང་སྲོལ་ཡོད་པ་དང་། སྐབས་དེར་བོན་སྟོན་གསང་མཆོད་ལས་འཛམ་གླིང་སྤྱི་བསང་ཟེར་བའི་ཐ་སྙད་བཤད་སྲོལ་མེད་པར་གྲགས།
ཡང་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་སློབ་གཉིས་བོད་དུ་གདན་དྲངས་ཏེ། བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་དམ་ལ་བཏགས་ནས་ལས་ལ་བསྐུལ་བས་བསམ་ཡས་མི་འགྱུར་ལུགས་གསུམ་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་མཛད་སྐབས། ཉིན་མོ་མི་ཡིས་བརྩིགས་པ་ལས་ཀྱང་མཚན་མོ་ལྷ་འདྲེས་བརྩིགས་པ་མགྱོགས་པར་བྱུང་ནས། བསམ་ཡས་གཙུག་ལག་ཁང་ལེགས་པར་གྲུབ་ཟིན་པའི་གཏང་རག་ཏུ་ཧས་པོ་རིའི་རྩེར་སློབ་དཔོན་རིན་པོ་ཆེས་རྒྱགས་རྔན་ལྷ་བསང་གི་འདོན་ཆོས་བརྩམས་ཏེ་དུས་འདིར་བསང་མཆོད་ཀྱིས་གཟེངས་བསྟོད་རྒྱ་ཆེར་མཛད་པས། དེ་ནས་བཟུང་ལོ་ལྟར་བོད་ཟླ་ ༥ ཚེས་ ༡༥ ཉིན་འཛམ་གླིང་ཡོངས་ཀྱི་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་སྤྱི་བསངས་དང་གསོལ་མཆོད་བྱེད་པའི་སྲོལ་བཟང་འདི་ཉིད་དར་འཕེལ་བྱུང་བ་ཞིག་ཡིན་པར་བརྗོད།
དེ་བཞིན་དབུས་ཕྱོགས་ནས་བོད་ཟླ་ ༥ པའི་ཚེས་ ༡༥ ཉིན་འཛམ་གླིང་སྤྱི་བསངས་ཞེས་ཚེས་བཅོ་ལྔ་ཉིན་ལྷ་སའི་སྐུ་རྟེན་ཡོད་རིགས་ལ་ཁུངས་སོ་སོ་ནས་སྐུ་གསོལ་ཞུ་བ་དང༌། མི་རྣམས་ཀྱིས་གླུ་གཞས་གཏོང་བ་སོགས་གླིང་ཁ་བཏང་ནས་དགའ་སྤྲོའི་དཔལ་ལ་རོལ་སྲོལ་ཡོད་འདུག
གཞན་ཡང་ཀརྨ་པ་རང་བྱུང་རྡོ་རྗེས་འཛམ་གླིང་སྤྱི་བསང་ཟེར་བའི་གསང་ཡིག་ཅིག་མཛད་ནས་ཡུལ་ལྷ་གཞི་བདག་ལ་སྔར་སྲོལ་ལྟར་བསང་མཆོད་རི་གསོལ་མཛད་པས་དེ་ནས་བཟུངས་དཔེ་མིང་དུས་སྟོན་ལ་ཐོགས་པར་ཡང་ཤོད་ཀྱི་ཡོད།
མདོར་ན་དབུས་ཕྱོགས་གཙོ་བོར་བྱས་པའི་གཞིས་བྱེས་བོད་མི་ཚོས་འཛམ་གླིང་སྤྱི་བསང་གི་ཉིན་མོར་རི་གསོལ་བསང་མཆོད་དང་རླུང་རྟ་གཏོར་བ་དང་དར་ལྕོག་སྒྲོན་པ་སོགས་སྔར་གྱི་ལུགས་སྲོལ་མ་ཉམས་པར་རྒྱུན་འཛིན་བྱེད་བཞིན་པའོ།།
གསར་འགོད་པ་བསྟན་འཛིན་ལམ་བཟང་།