འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ཀྱི་ལས་ཁུར་དམ་འབུལ།
འདི་ལོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་འགོ་འཛུགས་བྱ་རྒྱུ་ཡིན་པ་དང་། དེའི་ཆེད་དུ་བོད་མིའི་འོས་བསྡུ་ལས་ཁང་དུ་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་དགོས་པར། ཕྱི་ཟླ་༩ པའི་གྲོས་ཚོགས་སྐབས་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་བདམས་ཐོན་བྱུང་ཡོད་པ་བཞིན། ཉེ་ཆར་ཁྲིམས་པ་ཆེ་དྲུང་ནས་དམ་འབུལ་ཞུས་འདུག

ཕྱི་ལོ་༢༠༢༥ ཟླ་༡༠ ཚེས་༡ རེས་གཟའ་ལྷག་པའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་གནས་ཚུལ་སྤེལ་དོན་ལ། གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོའི་མདུན་དུ་བདམས་ཐོན་དབུས་འོས་བསྡུའི་འགན་འཛིན་ལས་འཕར་ཚེ་རིང་གཡུ་སྒྲོན་དང་། སྣང་ས་ཆོས་སྒྲོན་རྣམ་གཉིས་ཀྱིས་ལས་ཁུར་དམ་འབུལ་ཞུས་ཡོད་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ ཐོག་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ། དཔལ་ལྡན་ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་དང་། ཁྲིམས་ཞིབ་པ་གཞན་འཕགས་པ་ཚེ་རིང་། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ། བོད་མིའི་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ་བཀྲ་ཤིས་སྟོབས་རྒྱལ། དེ་བཞིན་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མི་པ་སངས་ཚེ་རིང་དང་ཚུལ་ཁྲིམས་རྡོ་རྗེ། བདམས་ཐོན་དབུས་འོས་བསྡུའི་འགན་འཛིན་ལས་འཕར་རྣམ་གཉིས་བཅས་ཚང་འཛོམས་ཀྱིས་ཐོག་མར་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་བཞི་གྲས་ནས་ཤིས་བརྗོད་གསུང་འདོན་གནང་ཡོད་འདུག
དེ་རྗེས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་པ་དང་བསྟུན། བདམས་ཐོན་དབུས་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ཀྱིས་ཀྱང་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཏེ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བའི་དྲུང་ནས་ལས་ཁུར་དམ་བཅའ་འབུལ་བཞེས་གྲུབ་མཚམས་དམ་འབུལ་མ་དེབ་ཏུ་མཚན་རྟགས་བཀོད་ཡོད་འདུག དེ་རྗེས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བས་རྟེན་འབྱུང་མཇལ་དར་སྒྲོན་འབུལ་གནང་ཡོད།
དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་དང་། མཎྜལ་རྟེན་དོད་ཕུལ་བ་དང་འབྲེལ་འོས་བསྡུའི་འགན་འཛིན་ལས་འཕར་རྣམ་གཉིས་ལ་འཚམས་འདྲིའི་མཇལ་དར་སྒྲོན་རྗེས་མཛད་གཙོ་རྣམ་པར་རྟེན་འབྱུང་གསོལ་ཇ་དང་། འབྲས་སིལ་འདེགས་འབུལ་ཞུས་ཏེ་དམ་འབུལ་གྱི་མཛད་སྒོ་གྲོལ་ཡོད་པ་བཅས་འཁོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།