ཡང་རྒྱ་གཞུང་གི་ཉེན་རྟོག་པས་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག་གཅར་རྡུང་བྱས་འདུག

པར་རིས་ཡོང་ཁུངས་བོད་གནས་ལྟ་ཞིབ་ཁང་།

བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་མཁན་བཀྲ་ཤིས་དབང་ཕྱུག་སླར་ཡང་རྒྱ་གཞུང་གི་ཉེན་རྟོག་པས་གཅར་རྡུང་བྱས་ཡོད་འདུག 

ཟླ་འདིའི་ཚེས་༢༥ ཉིན་བཙན་བྱོལ་བོད་ཀྱི་བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། ཕྱི་ཟླ་༡༠ པའི་ཚེས་ ༡༧ ཉིན་ཆབ་སྲིད་བཙོན་ཟུར་དང་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་མཁན་བཀྲ་ཤིས་དབང་ཕྱུག་སླར་ཡང་རྒྱ་གཞུང་གི་ཉེན་རྟོག་པས་གཅར་བརྡུང་བྱས་ཡོད་འདུག དེ་ཡང་ཁོང་གིས་ཡུལ་ཤུལ་ཁུལ་ཐོག་ཏུ་རླངས་འཁོར་འཁྲུད་ས་ཞིག་སྒོ་འབྱེད་བྱེད་སྐབས། རྒྱ་གཞུང་གི་ཉེན་རྟོག་པ་ཡོང་སྟེ་ཚོང་ཁང་གི་དེབ་སྐྱེལ་འགྲོ་ལུགས་གཉེར་དགོས་སྐོར་བརྗོད་འདུག་པས། ཁོང་ཡུལ་ཤུལ་ཁུལ་གྱི་གཞུང་འབྲེལ་ཐོ་འགོད་ཁང་དུ་ཕྱིན་ཏེ་ཐོ་འགོད་ཀྱི་ལས་དོན་གཉེར་བར་རེ་སྐུལ་ཞུས་ཡོད་འདུག་ཀྱང་ཁོང་ཚོས་གཉེར་རོགས་མ་བྱས་སྟབས། ཁོང་གིས་ལས་བྱེད་ཚོ་བརྙན་པར་ཞིག་བླངས་ཏེ་སྤྱི་ཚོགས་དྲ་ལམ་དུ་སྤེལ་བར་བརྗོད་འདུག དེའི་རྗེས་ཡུལ་ཤུལ་ཁུལ་གྱི་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཏེ་ཉིན་གསུམ་རིང་བཀག་ཉར་དང་དྲི་རྩད། དེ་བཞིན་གཅར་བརྡུང་བཅས་བྱས་ཡོད་འདུག་པ་མ་ཟད། ཁོང་གི་རླངས་འཁོར་འཁྲུད་ས་དེ་ཡང་བཙན་གྱིས་སྒོ་རྒྱག་བཅུག་ཡོད་འདུག ཁོང་གིས་སྐད་འཕྲིན་ཐོག་བརྙན་སྤེལ་བ་དེར་གཞུང་གི་ཁྲིམས་དང་འགལ་བའི་ནག་ཉེས་གཡོགས་པ་དེར་ངོས་ལེན་མེད་པ་དང་། དེ་ནི་ཁོང་གི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་ཡིན་པས་ཁོང་ལ་ཞྭ་མོ་ནག་པོ་གཡོག་དགོས་དོན་ག་རེ་ཡིན་མིན་ཧ་གོ་མ་སོང་བརྗོད་འདུག

བོད་ཀྱི་སྐད་ཡིག་ལས་འགུལ་བ་དང་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག་ལགས་ནི། ཉེ་ཆར་སློབ་གྲྭ་ཁག་གི་ནང་བོད་ཀྱི་སྐད་ཡིག་ཉམས་རྒུད་འགྲོ་བཞིན་པའི་ཐོག་གོ་རྟོགས་སྤེལ་ཆེད་མགོ་ལོག་དར་ལག་རྫོང་དུ་ཕྱིན་ཡོད་པ་དང་། ཕྱི་ཟླ་༨ ཚེས་༡༩ དགོང་མོར་མགོ་ལོག་དར་ལག་རྫོང་གི་མགྲོན་ཁང་ཞིག་ཏུ་གདོང་རས་གྱོན་པའི་མི་འགས་རུབ་རྡུང་བྱས་པ་དང་སྨན་ཁང་དུ་སྨན་པས་བརྟག་དཔྱད་བྱེད་རོགས་མ་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད། གཞན་ཡང་ཁོང་ནི་ཁམས་སྐྱེ་དགུ་མདོའི་ཚོང་པ་དཀྱུས་མ་ཞིག་ཡིན་ཞིང་། ཁོང་གིས་སོ་སོའི་ཕ་ཡུལ་གྱི་སྲིད་གཞུང་དང་། སློབ་གྲྭའི་ནང་རྒྱ་ཡིག་ལས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་མི་བྱེད་པའི་སྲིད་བྱུས་གདུག་རྩུབ་ཅན་དེ་མཐོང་རྗེས། རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་ཐོག་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐོབ་ཐང་རྩོད་ཐབས་གནང་ན་ཡང་། རྒྱ་གཞུང་གིས་རྩ་ཁྲིམས་ཚུལ་བཞིན་ལག་བསྟར་བྱེད་རྒྱུའི་ཚབ་ཏུ། ཁོང་ཕྱི་ལོ་༢༠༡༦ ལོ་སྟོད་དུ་གསང་བའི་ཐོག་ནས་འཛིན་བཟུང་བྱས་པ་མ་ཟད། ཕྱི་ལོ་༢༠༡༨ ལོར་ཉིན་གཅིག་གི་ཁྲིམས་བཤེར་ལས་མ་བྱས་པར་ཁོང་ལ་ཁ་བྲལ་རིང་ལུགས་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ནས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་།  ཕྱི་ལོ་ ༢༠༢༡ ལོར་ཁོང་གི་བཙོན་འཇུག་དུས་ཡུན་ལོ་ ༥ ཚང་ནས་གློད་བཀྲོལ་བཏང་ཡོད་པ་རེད། 

གསར་འགོད་པ། བསྟན་འཛིན་ལམ་བཟང་།