ཡུ་རོབ་ཏུ་ཏོག་དབྱིབས་ནད་ཡམས་ཀྱིས་ཤི་བའི་ནད་པའི་བརྒྱ་ཆ་ ༩༥ ལྷག་ལོ་ན་ ༦༠ ཡན་གྱི་རྒས་འཁོགས་རེད་ཟེར།
འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་(WHO)ཀྱིས་བརྗོད་པ་ལྟར་ན། ཡུ་རོབ་གླིང་ཆེན་དུ་ཏོག་དབྱིབས་ནད་ཡམས་ཀྱིས་ཤི་བའི་ནད་པའི་བརྒྱ་ཆ་ ༩༥ ལྷག་ལོ་ན་ ༦༠ ཡོལ་བའི་རྒས་འཁོགས་ཡིན་རུང་། ན་གཞོན་ཚོར་ཡང་ཉེན་ཁ་ཡོད་འདུག
ཕྱི་ཟླ་ ༤ ཚེས་ ༢ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་ཏུ་རྟེན་གཞི་བྱས་པའི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ལས་ཁུངས་ཨ་མ་ནས་གླིང་ཆེན་དེའི་ནང་ད་ཐེངས་ཀྱི་ནད་ཡམས་འདིའི་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་པའི་ནད་པའི་བརྒྱ་ཆ་ ༩༥ ལྷག་ལོ་ན་ ༦༠ ཡན་གྱི་རྒས་འཁོགས་ཡིན་ཚུལ་བརྗོད་འདུག
ཡིན་ན་ཡང་། ལས་ཁུངས་དེའི་དབུ་འཛིན་སྨན་པ་ཧན་སི-ཁི་ལུ་(Dr.Hans Kluge)ཡིས་“ཏོག་དབྱིབས་ནད་ཡམས་དེ་ལོ་རྒན་པ་ཚོ་ཁོ་ནར་འགོ་ཡི་རེད་སྙམ་པའི་བསམ་བློ་དེ་དོན་དངོས་དང་འགལ་བ་ཡིན”ཞེས་བརྗོད་འདུག
དེ་ཡང་བདུན་འདིའི་རེས་གཟའ་ཕུར་བུའི་ཉིན་ཡུ་རོབ་ཀྱི་རྒྱལ་ཁབ་ཊན་མར་ཁི་(Denmark)ཡི་རྒྱལ་ས་རུ་སྐོང་འཚོགས་བྱས་པའི་དྲ་ཐོག་ཚོགས་འདུ་དེའི་སྟེང་། ཁོང་གིས་“ན་གཞོན་རྣམས་ན་ཚ་གཏན་ནས་འགོ་རྒྱུ་མེད་པ་ཞིག་མ་ཡིན་”ཞེས་ཉེ་ཆར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་གཙོའི་སྐད་ཆ་དང་མཐུན་པ་བཤད་ཡོད་འདུག
ཁོང་གིས་ད་ལྟའི་ཆར་ཡུ་རོབ་ཏུ་མི་ ༣༠,༠༩༨ ཙམ་འདས་གྲོངས་ཕྱིན་པ་ལས་ཕལ་ཆེ་བ་ཨི་ཏྲ་ལི་དང་། ཧྥ་རན་སི་ནས་ཡིན་སྐོར་བརྗོད་པའི་ཐོག “ལོ་ན་བཅུ་གྲངས་སམ་ཉི་ཤུའི་ནང་ཡོད་པའི་ནད་པ་འགའ་ཉེན་ཚབས་ཆེན་པོ་ཆགས་པ་དང་། རེ་ཟུང་འདས་གྲོངས་ཀྱང་ཕྱིན་ཡོད་”ཅེས་བསྣན་འདུག
གཞན་ཡང་། ཁོང་གིས་འདས་གྲོངས་སུ་གྱུར་བ་དེ་དག་གི་ཕྱེད་ཀ་ལྷག་ལོ་ན་ ༨༠ ཡན་ཡིན་པ་མ་ཟད། ནད་པ་དེ་དག་གི་ལྔ་ཆ་བཞི་ནི་སྙིང་ནད་(cardiovascular)དམ་གཅིན་སྙི་(Diabetes)ལྟ་བུའི་ནད་རྙིང་ཡོད་མཁན་ཞེ་ཅིག་ཡིན་སྐོར་བརྗོད་འདུག
དེ་ཡང་ལོ་ན་ ༦༠ ཡན་གྱི་མི་རྣམས་ལ་ནད་ཡམས་འགོ་འགོས་ན་གཏན་ནས་ཐར་མཐའ་མེད་པ་ཞིག་ཀྱང་ཡིན་མི་འདུག་སྟེ། སྨན་པ་ཁོང་གིས་“བཟང་ཕྱོགས་ནས་བཤད་ན། ལོ་ན་ ༡༠༠ བརྒལ་བའི་མི་རྣམས་ལ་ཏོག་དབྱིབས་ནད་ཡམས་འགོས་ནས་སྨན་ཁང་དུ་ལུས་རྗེས། ཡོངས་སུ་སངས་དྲག་བྱུང་བའི་གནས་ཚུལ་ཡང་ཡོད་”ཅེས་བཤད་འདུག
ཇོན་སི-ཧོབ་ཁིན་སློབ་ཆེན་(Johns Hopkins University)ནས་བཏོན་པའི་གྲངས་ཐོ་གསར་ཤོས་ལྟར་ན། ད་ལྟའི་ཆར་འཛམ་གླིང་ཡོངས་ལ་རྒྱ་ནག་ནས་ཁྱབ་པའི་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པ་ས་ཡ་གཅིག་བརྒལ་བ་བྱུང་འདུག་ཅིང་། དེ་ལས་ ༥༣,༠༠༠ མ་ཟིན་ཙམ་ཤི་བ་དང་། ༢༡༠,༠༠༠ ལྷག་དྲག་སྐྱེད་བྱུང་ཡོད་འདུག།
གསར་འགོད་པ་དཀོན་མཆོག་རབ་བརྟན།
