ཡོ་རོབ་གྲོས་ཚོགས་ནང་རྒྱ་གཞུང་གིས་བཙུགས་པའི་བོད་ནང་གི་གཏན་འཇགས་སློབ་གྲྭ་སོགས་དང་འབྲེལ་བའི་གྲོས་ཆོད་ལ་རྒྱབ་སྐྱོར་ཐོབ།
ཕྱི་ཟླ་༡༢ ཚེས་ ༡༤ ཉིན་ཡུ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཕྲུག་ས་ཡ་༡ ལྷག་བཙན་ཁྲིད་བྱས་ཏེ་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭར་བཅུག་པ་དང་། བོད་ཀྱི་སྐད་དང་རིག་གཞུང་སིམ་ཡལ་གྱིས་བོད་རྒྱ་སྒྱུར་སྲིད་ཇུས་ལག་བསྟར་བྱེད་བཞིན་པར་སྐྱོན་བརྗོད་དང་སྦྲགས། དེ་འབྲེལ་གྱི་གྲོད་ཆོས་ལ་མང་མོས་རྒྱབ་སྐྱོར་ཐོབ་འདུག

གྲོས་གཞི་དེ་གྲོས་ཚོགས་འཐུས་མི་ས་ལི་མ་ཡན་བུ་ཞེས་པ་ཁོང་གིས་ (Salima Yenbou) Kishen no་ཡོ་རོབ་གྲོས་ཚོགས་ནང་ངོ་སྤྲོད་གནང་ཞིང་། གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་རྒྱ་ནག་གཞུང་གིས་ལོ་༤ ནས་༡༨ བར་གྱི་བོད་ནང་གི་བྱིས་པ་ས་ཡ་ ༡ ལྷག་ཙམ་ཕ་མ་དང་ཁ་ཕྲལ་ཏེ་གཏན་འཇགས་སློབ་གྲྭར་བཙན་གྱིས་བཅུག་སྟེ་སློབ་ཚན་ཚང་མ་རྒྱ་ཡིག་རང་ནས་འཁྲིད་པས་མཚོན་རྒྱ་སྒྱུར་གྱི་སློབ་གསོ་སྤེལ་བཞིན་པ་སོགས་ལ་སྐྱོན་འཛུགས་དང་། སློབ་གྲྭའི་སྲིད་ཇུས་དེ་རྒྱ་གཞུང་གིས་འཕྲལ་དུ་མཚམས་འཇོག་དགོས་པ་སོགས་ཀྱི་གྲོས་གཞིའི་ཐད་གླེང་སློང་ཤུགས་ཆེན་དང་བགྲོ་གླེང་ཞིབ་ལྷུག་གནང་རྗེས། རྒྱ་གཞུང་གི་མི་སེར་སྤེལ་ཡུལ་སློབ་གྲྭའི་སྲིད་བྱུས་དེ་ཛ་དྲག་དང་ཉེན་ཚབས་ཀྱི་རང་བཞིན་ཡིན་པ་ངོས་འཛིན་དང་གཏན་འབེབས་གནང་འདུག་ཅིང་། སྐབས་དེར་གྲོས་ཚོགས་འཐུས་མི་གྲངས་ ༤༧༧ ནས་རྒྱབ་སྐྱོར་དང་། གྲོས་ཚོགས་འཐུས་མི་གྲངས་ ༡༤ ཡིས་དགག་པ། གྲོས་ཚོགས་འཐུས་མི་གྲངས་ ༤༥ མཉམ་ཞུགས་གནང་མེད་པ་ཡིན་འདུག

གྲོས་ཆོད་དེའི་ནང་བོད་ནང་དུ་རྒྱ་ནག་གཞུང་གིས་སྟངས་འཛིན་བྱེད་བཞིན་པའི་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་དེ་ནི་བོད་མིའི་ཆོས་རིག་གཞུང་དང་ལོ་རྒྱུས་སོགས་བོད་ཀྱི་ངོ་བོ་རྩ་མེད་གཏོང་བཞིན་པའི་སྐོར་དང་།  སྤྱི་ཡོངས་ཀྱི་ཐོག་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་དབང་བསྒྱུར་འོག བོད་ཀྱི་ཛ་དྲག་གནས་སྟངས་ཀྱང་གསལ་སྟོན་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་པ་རྣམས་ཀྱིས་དེ་སྔོན་བོད་ནང་གི་གཏན་འཇགས་སློབ་གྲྭ་ཁག་གི་གནས་ཚུལ་ཐེར་འདོན་གནང་བ་བཞིན། རྗེས་སུ་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་མི་དང་གསར་འགོད་པ་སོགས་གཏན་འཇགས་སློབ་གྲྭར་ལྟ་སྐོར་དུ་སྐད་གཏོང་དགོས་པ། རྒྱ་གཞུང་གིས་བོད་ནང་དུ་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་བཙུགས་པ་དག་འཕྲལ་དུ་མཚམས་འཇོག་བྱས་ཏེ། བོད་རང་གི་སྐད་ཡིག་དང་རིག་གཞུང་ལྡན་པའི་སློབ་གྲྭ་འཛུགས་དགོས་པ། བོད་ནང་བྱིས་པ་རྣམས་རྒྱ་སྒྱུར་བྱེད་ཐབས་དེ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་དང་འགལ་ཡོད་པའི་སྐོར་དང་། གཏན་འཇགས་སློབ་གྲྭ་དེ་དག་འཛུགས་རྒྱུའི་ཐོག་འབྲེལ་ཡོད་རྒྱ་གཞུང་གི་དཔོན་རིགས་ཁག་ལ་ཨ་རིའི་གཞུང་གིས་མཐོང་མཆན་མི་སྤྲོད་རྒྱུའི་ཉེས་ཆད་བཀལ་བ་བཞིན། ཡོ་རོབ་སྤྱི་མཐུན་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་དེ་ལྟར་ཕྱག་བསྟར་གནང་དགོས་པའི་འབོད་སྐུལ་གནང་ཡོད་འདུག དེ་བཞིིན་ཡོ་རོབ་མཐུན་ཚོགས་ཀྱིས་བོད་པའི་གནས་སྟངས་དང་འབྲེལ་ནས་རྒྱ་གཞུང་གི་དཔོན་རིགས་ཚོར་སྐད་ཆ་ཤོད་དགོས་པ་དང་། བོད་རྒྱ་ཞི་མོལ་བྱེད་རྒྱུ་སོགས་ཚུད་འདུག 
ཐེངས་འདིར་ཡུ་རོབ་གྲོས་ཚོགས་ནས་བོད་དོན་གྲོས་ཆོད་དེ་གཏན་འབེབས་གནང་བར་སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ཀྱིས་དགའ་བསུ་དང་འབྲེལ། ཡུ་རོབ་གྲོས་ཚོགས་ནས་བོད་ནང་རྒྱ་ནག་གཞུང་གིས་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་བརྒྱུད་བོད་ཀྱི་རིག་གཞུང་རྩ་མེད་གཏོང་ཇུས་བྱེད་སྐབས་དེ་ལྟ་བུའི་གྲོས་ཆོད་གཏན་འབེབས་གནང་བ་ནི་དུས་དང་འཚམས་པ་ཞིག་ཡིན་པ་དང་། གྲོས་ཆོད་འདིས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་། ཡང་སྒོས་བྱིས་པའི་ཐོབ་ཐང་རྡོག་རོལ་མུ་མཐུད་གཏོང་བཞིན་པ་གསལ་སྟོན་གནང་ཡོད་ཅེས་གསུངས་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་། 
