“རང་དབང་ལྡན་པའི་འཛམ་གླིང་གིས་ངེས་པར་དུ་རྒྱ་ནག་འགྱུར་བ་གཏོང་དགོས་པ་ལས། རྒྱ་ནག་གིས་ཚུར་འགྱུར་བ་གཏོང་ངེས་རེད།”
ཨ་རིའི་ཕྱི་སྲིད་དྲུང་ཆེ་མཱ་ཁི-ཕོམ་ཕོའོ་(Mike Pompeo)ཡིས་རང་དབང་ལྡན་པའི་རྒྱལ་ཁབ་ཚོས་ངེས་པར་དུ་རྒྱ་ནག་གི་“སྒེར་གཅོད་གསར་པ་”ལས་རྣམ་པར་རྒྱལ་བ་བྱེད་དགོས་པ་དང་། གལ་སྲིད་དེ་ལྟར་མ་བྱས་ན་རྒྱ་ནག་གིས་འཛམ་གླིང་ཚུར་འགྱུར་བ་གཏོང་ངེས་རེད་ཅེས་གསུངས་འདུག
ཕྱི་ཟླ་ ༧ ཚེས་ ༢༣ རེས་གཟའ་ཕུར་བུའི་ཉིན་ཕྱི་སྲིད་དྲུང་ཆེ་ཁོང་གིས་ཨ་རིའི་མངའ་སྡེ་ཁཱ་ལི་ཧྥོ་ནི་ཡ་(california)ལ་ཡོད་པའི་ནཱིག་སོན་སྲིད་འཛིན་དཔེ་མཛོད་ཁང་(Richard Nixon presidential library)དུ་གསུང་བཤད་ཅིག་གནང་བའི་ནང་། ཁོང་གིས་“ད་ལྟ་རྒྱ་ནག་ནི་ནང་ལོགས་སུ་སྒེར་གཅོད་ཇེ་ཆེ་དང་། ཕྱི་ལོགས་ཀྱི་རང་དབང་ལ་སྡང་སེམས་བཙན་ཤེད་ཇེ་ཆེར་འགྱུར་བཞིན་ཡོད་”ཅེས་གསུངས་པའི་ཐོག “གལ་སྲིད་རང་དབང་ལྡན་པའི་འཛམ་གླིང་གིས་རྒྱ་ནག་དམར་པོ་འགྱུར་བ་མ་བཏང་བ་ཡིན་ན། རྒྱ་ནག་དམར་པོས་ང་ཚོ་ཚུར་འགྱུར་བ་གཏོང་ངེས་རེད་”ཅེས་བསྣན་འདུག
གཏམ་བཤད་དེའི་ནང་། ཁོང་གིས་སྔོན་ཆད་ཕྱི་ལོ་ ༡༩༧༠ དོན་གྲངས་ནང་ཨ་རིའི་སྲིད་འཛིན་ནཱིག་སོན་གྱིས་རྒྱ་ནག་འཛམ་གླིང་གི་སྡིངས་ཆའི་ནང་ཞུགས་སུ་བཅུག་རྗེས། དེ་ལ་བརྟེན་ནས་དཀའ་སྡུག་ཆེན་པོ་ཞིག་འབྱུང་སྲིད་པའི་སེམས་འཚབ་གནང་མྱོང་བ་དེ་ད་ལྟ་དངོས་ཡོད་དུ་འགྱུར་བཞིན་ཡོད་ཚུལ་ཡང་གསུངས་འདུག
ཁོང་གི་གསུང་བཤད་དེ་ནི་ཨ་རྒྱ་རྒྱལ་ཁབ་གཉིས་ཀྱི་འགལ་བ་དང་འགྲན་རྩོད་དེ་ཉིན་རེ་བཞིན་ཇེ་སྡུག་དང་ཛ་དྲག་ཏུ་འགྱུར་བཞིན་པའི་དུས་སྐབས་འདིར་གནང་བ་ཞིག་ཡིན་འདུག་སྟེ། བདུན་འདིའི་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ཧུའུ-ཆུན་ཡེན་(Hua Chunying)གྱིས་ཕོམ་ཕོའོ་ནི་“ཤིང་སྡོང་སྒུལ་ཐབས་བྱེད་བཞིན་པའི་གྲོག་མ་ཞིག་”ཡིན་པའི་འགྲེལ་བརྗོད་བྱས་པ་མ་ཟད། ཉིན་ཤས་སྔོན་དུ་ཨ་རིས་རྒྱ་ནག་གི་དོན་གཅོད་ཁང་ཞིག་གི་སྒོ་རྒྱག་དགོས་པའི་བཀའ་བཏང་བའི་འཁོན་ལན་དུ། ཨ་ཁྲིན་ཏུའུ་ལ་ཡོད་པའི་རིའི་དོན་གཅོད་ཁང་སྒོ་རྒྱག་དགོས་པའི་བཀའ་བཏང་ཡོད་འདུག
གཞན་ཡང་། བདུན་འདིའི་རེས་གཟའ་ཕུར་བུའི་ཉིན་ཨ་རིའི་ཁྲིམས་དོན་ལས་ཁུངས་ནས་ཨ་རིར་ཡོད་པའི་རྒྱ་ནག་གི་ཉམས་ཞིབ་པ་བཞི་ལ་རྒྱ་ནག་གི་དམག་དང་འབྲེལ་བ་ཡོད་པ་དང་། ཨ་རིའི་ཚན་རྩལ་དང་འཕྲུལ་རྩལ་གྱི་ཤེས་བྱ་རྐུ་འཁྱེར་བྱས་པ་བཅས་ཀྱི་ཉེས་པ་བཙུགས་ཏེ་མི་གསུམ་དངོས་སུ་འཛིན་བཟུང་བྱས་རྗེས། གཅིག་རྒྱ་ནག་གི་དོན་གཅོད་ཁང་དུ་བྲོས་ནས་དེར་གབ་ནས་བསྡད་ཡོད་འདུག་ཅིང་། ཁོ་ཚོར་ལོ་ ༡༠ བར་གྱི་བཙོན་འཇུག་དང་ཨ་སྒོར་ ༢༥༠,༠༠༠ ཆད་པ་ཕོག་སྲིད་པའི་གནས་སྟངས་འོག་ཡོད་འདུག
གསར་འགོད་པ་དཀོན་མཆོག་རབ་བརྟན།