རང་བཙན་མེད་ན་གང་ཡང་མེད།
རྒྱལ་ཁབ་ཅིག་ལ་མཚོན་ན་རང་བཙན་རྒྱུན་གནས་ཐུབ་པ་བྱ་རྒྱུ་ནི་ལས་དོན་ཐམས་ཅད་ཀྱི་ནང་ནས་གལ་ཆེ་ཤོས་དེ་ཡིན་པ་དང་། རྒྱལ་ཁབ་དང་མི་རིགས་གཞན་གྱི་དབང་བསྒྱུར་འོག་འཐབ་རྩོད་བྱེད་བཞིན་པའི་མི་རིགས་ཤིག་ལ་མཚོན་ན་ཡོད་ཚད་ཀྱི་ནང་ནས་གལ་ཆེ་ཤོས་རང་དབང་རང་བཙན་སླར་གསོ་བྱ་རྒྱུ་དེ་ཡིན། རང་དབང་རང་བཙན་མེད་ན་དཔལ་འབྱོར་གྱི་ཐོག་ནས་དཀའ་ངལ་གང་ཡང་མེད་ཀྱང་། ཐ་ན་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་ཁྲལ་འབངས་ཙམ་ཡིན་པ་ལས། མི་རིགས་རང་ཉིད་ལ་དབང་བའི་རང་དབང་གི་ཁོར་ཡུག་ཅིག་གཏན་ནས་མེད། རང་དབང་རང་བཙན་མེད་པའི་མི་རིགས་ཤིག་ལ་མཚོན་ན་འཛམ་གླིང་གི་རྒྱལ་ཁབ་ཚང་མའི་མིག་ནང་དུ་ཁ་བྱང་བརྟན་པོ་མེད་པའི་མི་འཁྱམ་ཞིག་དང་གཅིག་མཚུངས་ཡིན། མི་རིགས་རང་ཉིད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་། མི་རིགས་གཞན་གྱི་རིག་གནས་ནང་འདྲེན། དཔལ་འབྱོར་དང་འཕྲོད་བསྟེན་ཡར་རྒྱས་ལས་དོན་གང་ཡིན་ཡང་རང་ཉིད་ལ་དབང་བའི་རྒྱལ་ཁབ་ཅིག་ནི་མེད་ཐབས་མེད་པར་གྱུར་ཡོད། བོད་མི་རིགས་ཀྱི་མ་འོངས་པའི་གནད་དོན་ཐག་གཅོད་ཀྱི་ཁ་ཕྱོགས་དེ་རྒྱ་དམར་གཞུང་གི་སྟངས་འཛིན་འོག་མུ་མཐུད་གནས་རྒྱུའི་བསམ་བློ་དེ། བོད་མི་རིགས་དང་བོད་ཀྱི་རིག་གནས་ཆེད་ཕྱོགས་ཡོངས་ནས་ཐུགས་ཁུར་དང་དགོངས་བཞེས་གནང་བ་ཞིག་ཡིན་ཡང་། རྒྱ་དམར་གཞུང་ལྟ་བུའི་ངོ་ཚ་ཞེ་ཁྲེལ་གཏན་ནས་མེད་པའི་རྒྱལ་ཁབ་ཅིག་དང་། མི་རིགས་རིང་ལུགས་ཁོ་ན་གཙིགས་སུ་འཛིན་པའི་རྒྱ་མི་རིགས་ལ་ཡིད་ཆེས་དང་བློ་གཏད་བྱ་རྒྱུ་མང་དྲགས་ན། ‘མགོ་བོ་བང་ཐོག་ཏུ་བཞག་ཀྱང་། མཆེ་བ་ཀླད་ཁུང་ནང་རྡེབ།’ཅེས་པའི་དཔེ་རུ་གྱུར་ཡོད་པ་ལས། ཤ་ཚ་དང་ཕན་སེམས་ཐོག་ནས་བོད་མི་རིགས་ཀྱི་ཆེད་ལས་དོན་ཡག་པོ་ཞིག་རྒྱ་དམར་གཞུང་གིས་བསྒྲུབ་མི་སྲིད་པ་ནི། འདས་པའི་མི་ལོ་དྲུག་ཅུ་ལྷག་གི་གནས་སྟངས་ལ་ཕྱི་མིག་བལྟས་ན་གསལ་པོ་ཤེས་ཐུབ། བོད་ལ་རང་སྐྱོང་གི་གནས་བབས་ཡོད་ཚུལ་བསྒྲགས་བཞིན་ཡོད་ཀྱང་། དོན་དངོས་སུ་རྒྱ་དམར་གཞུང་གིས་མཛུབ་མོས་གར་བསྟན་ཤར་བྱེད་དགོས་པ་ལས། བོད་མི་ལ་དབང་བའི་རང་དབང་གི་ཁོར་ཡུག་ཅིག་གཏན་ནས་མེད། འཛམ་གླིང་ནང་མི་འབོར་ཆེ་ཤོས་རྒྱ་གར་རྒྱལ་ཁབ་ལ་༡༩༤༧ ལོར་རང་བཙན་ཐོབ་ཅིང་། དེའི་ཆེད་རྒྱ་གར་མི་མང་གིས་བློས་གཏོང་ཧ་ཅང་ཆེན་པོ་བྱས་ཡོད། སྐབས་དེ་ཤེད་ཙམ་དུ་རྒྱ་གར་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་ནང་ཚུད་ཀྱང་། དཔལ་འབྱོར་གྱི་གནས་སྟངས་སྐྱོ་དྲགས་ནས་རྐང་རྩེད་སྤོ་ལོ་རྩེ་བའི་ལྷམ་ཉོ་མ་ཐུབ་པར་རྐང་རྗེན་དུ་རྩེད་འགྲན་བྱས་པའི་ལོ་རྒྱུས་ཡོད། རང་བཙན་ཐོབ་ནས་མི་ལོ་བདུན་ཅུ་ལྷག་འདས་པའི་དེ་རིང། རྒྱ་གར་ནི་ཟླ་བའི་གོ་ལའི་ཐོག་མེ་ཤུགས་འཕུར་མདའ་གཏོང་ཐུབ་མཁན་གྱི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་གྱུར་ཟིན། གལ་སྲིད་རྒྱ་གར་ལ་རང་བཙན་མ་ཐོབ་པར་མུ་མཐུད་གནས་དགོས་བྱུང་ཡོད་ན། རྩ་བས་འཛམ་གླིང་སྤྱི་ཡོངས་ཀྱི་འཕེལ་རྒྱས་གནས་སྟངས་བཞིན་རྒྱ་གར་དུའང་ཟས་གོས་གནས་མལ་ཐོག་འགྱུར་བ་སོང་ཡོད་ངེས་ཀྱང་། མི་སེར་སྤེལ་བའི་ལམ་ལུགས་འོག་རྒྱ་གར་གྱི་གནའ་བོའི་ཆོས་དང་རིག་གནས་ཡུལ་སྲོལ་གོམས་གཤིས་སོགས་རྩ་སྟོངས་སུ་གྱུར་ཟིན་པའམ་འགྱུར་ལ་ཉེ་བ་ཆགས་ཡོད་པ་ཁ་ཚོན་བཅད་ནས་བཤད་ཐུབ་པ་ཞིག་རེད། ད་ཆ་རྒྱ་གར་ནི་ཡར་རྒྱས་ཆེ་ཤོས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་དང་། མི་འབོར་དང་། ཤེས་ཡོན་ལག་རྩལ། དཔལ་འབྱོར། དམག་དོན་སོགས་གང་ཐད་ནས་དོ་སྣང་ཆེ་ཤོས་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པ་ནི། གཙོ་བོ་རྒྱ་གར་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་ལ་བརྟེན་ནས་བྱུང་བ་ལས། རྒྱ་གར་ལ་རང་བཙན་མ་ཐོབ་པའི་དབང་དུ་བཏང་ན་འདི་ལྟ་བུའི་རང་དབང་གི་ཁོར་ཡུག་དང་གནས་སྟངས་ཤིག་ཡོང་མི་སྲིད་པ་རེད། རྒྱ་གར་ཙམ་མ་ཡིན་པར་འཛམ་གླིང་ཤར་ནུབ་ཀྱི་སྟོབས་ཆེན་རྒྱལ་ཁབ་མང་པོ་ཞིག་གཞན་གྱི་དབང་བསྒྱུར་ལས་ཐར་ཏེ་རང་བཙན་ཐོབ་པ་ལས། རྒྱལ་ཁབ་ཅིག་གི་གནས་བབས་ལ་འགྱུར་བ་གཏན་ནས་འགྲོ་མ་མྱོང་མཁན་ནི་ཧ་ཅང་དཀོན། དཔེར་ན་ད་ལྟ་འཛམ་གླིང་ནང་སྟོབས་འབྱོར་ཆེ་ཤོས་ཨ་རི་ལྟ་བུར་མཚོན་ན་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་སྟེ་མི་ལོ་༢༤༧ ལས་ཕྱིན་མེད། ད་ལྟ་རྒྱལ་ཁབ་གཞན་གྱི་དབང་བསྒྱུར་འོག་ཡོད་ཀྱང་། རྒྱལ་ཁབ་ཀྱི་བདག་དབང་ནི་མི་རབས་མང་པོའི་གལ་ཆེའི་གནད་དོན་གཙོ་བོ་ཡིན་པས་བློས་གཏོང་བྱེད་ཆོག་ཆོག་ཅིག་གཏན་ནས་མིན། མདོར་ན་བོད་མི་རིགས་ཀྱི་རང་དབང་དང་། བོད་རྒྱལ་ཁབ་ཀྱི་བདག་དབང་སླར་གསོའི་ཆེད་འབད་བརྩོན་བྱ་རྒྱུ་ལས། རང་གི་ཟས་གོས་གནས་མལ་ཙམ་འཚོལ་ཐབས་བྱ་རྒྱུར་འབད་པ་བྱེད་པའི་དུས་འདིར། བཙན་བྱོལ་བོད་མི་ཕལ་མོ་ཆེའི་སེམས་ནང་དུ་རང་བཙན་སླར་གསོ་དང་། དབུ་མའི་ལམ་གྱི་སྲིད་བྱུས་གང་ཡིན་ཡང་གལ་ཆེན་པོར་མི་བརྩི་བའི་གནས་སྟངས་ཤིག་ཏུ་འགྱུར་བཞིན་ཡོད་པས། དང་པོ་བོད་མི་རྣམས་རྨོངས་གཉིད་ལས་དཀྲོག་དགོས་པ་དང་། དེའི་རྗེས་སུ་རྒྱལ་ཁབ་ཀྱི་བདག་དབང་སླར་གསོ་བྱ་རྒྱུའི་ཆོད་སེམས་དང་སེམས་ཤུགས་བསྐྲུན་ཐུབ་པ་བྱུང་ན། རིང་པོར་མི་ཐོགས་པར་བཙན་བྱོལ་བོད་མི་རྣམས་ཀྱི་ལས་འགུལ་ལ་རིན་ཐང་ཡོད་པ་ཞིག་ཏུ་འགྱུར་ངེས། ད་ལྟའི་ཆར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་། དགོན་སྡེ་ཁག་ཏུ་བོད་རང་བཙན་ངོ་སྤྲོད་བྱེད་མི་ཆོག་པ་ལྟ་བུར་གྱུར་ཡོད་པ་དང་། འོས་བསྡུའི་སྐབས་བོད་ཀྱི་རྒྱལ་དར་དང་བོད་ཀྱི་ས་ཁྲ་བེད་སྤྱོད་གཏོང་མི་ཆོག་པའི་ཁྱབ་བསྒྲགས་ལྟ་བུ་རྒྱ་དམར་གཞུང་གི་ཁྱབ་བསྒྲགས་དང་གཅིག་མཚུངས་སུ་གྱུར་པའི་ཐབས་སྐྱོའི་གནས་ཚུལ་སྣ་ཚོགས་ཤིག་མཐོང་རྒྱུ་ཡོད།།