རང་སྲེག་རྒྱ་རྒོལ་བ་བསོད་ནམས་སྟོབས་རྒྱལ་སྐུ་གྲོངས་འདུག
ཟླ་འདིའི་ཚེས་༩ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༦ ཡས་མས་སུ་ཁམས་ཡུལ་ཤུལ་སྐྱེ་རྒུ་མདོའི་གེ་སར་ཐང་ཆེན་དུ། ཕ་ཡུལ་ནང་ཆེན་ནས་ཡིན་པའི་གྲྭ་བསོད་ནམས་སྟོབས་རྒྱལ་གྱིས་རང་ལུས་མེར་སྲེག་གིས་རྒྱ་ནག་ལ་ངོ་རྒོལ་བྱས་ཏེ། ཕྱི་ཉིན་ཞོགས་པ་སྐུ་གྲོངས་ཡོད་པ་རེད།
ཁོང་གིས་རང་སྲེག་རྗེས་སུ་རྒྱ་ནག་གཞུང་གིས་ས་གནས་སུ་དམ་དྲག་བྱས་ཏེ། ལམ་སང་གནས་ཚུལ་ཁ་གསལ་ལོན་ཐུབ་མེད་ནའང་། རྗེས་སུ་མེ་རུ་འབར་བཞིན་བཞིན་པའི་བརྙན་ཐུང་ཞིག་དང་། ཁོང་གིས་ཞལ་ཆེམས་ཡི་གེ་ཞིག་ཕྱི་ཕྱོགས་སུ་འབྱོར་ཡོད་པ་དང་། བརྙན་ཐུང་ནང་ཉེན་རྟོག་པས་ཁོང་གི་ལུས་ཐོག་གི་མེ་བསད་པ་མཐོང་ཐུབ་ཀྱི་ཡོད་པ་རེད།
གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཁོང་གིས་རང་སྲེག་ངོ་རྒོལ་རྗེས་རྒྱ་ནག་གཞུང་གིས་ཁོང་གི་ནང་མི་ཉེ་འབྲེལ་ཁག་ཅིག་བཀག་ཉར་བྱས་ཏེ། འདྲི་རྩད་བྱས་མཐར་གློད་གྲོལ་བཏང་ཡོད་ནའང་། ས་གནས་སུ་དམ་དྲག་མུ་མཐུད་བྱེད་ཀྱི་ཡོད་པ་རེད།
ཁོང་གི་མིང་ལ་བསོད་ནམས་སྟོབས་རྒྱལ་དང་། རང་ལོ་༢༧ ། ཨ་ཕའི་མིང་ལ་ནང་ཆེན་བཀྲ་ཤིས། ཕ་ཡུལ་ཁམས་ནང་ཆེན་ནས་ཡིན་འདུག་ལ། རྫོང་སར་དགོན་པར་སློབ་གཉེར་བྱེད་མྱོང་ཡོད་པ་རེད། ཁོང་གི་ནང་མི་ནི་ནང་ཆེན་བཀྲ་ཤིས་ཚང་ཟེར་བའི་ཚོང་པ་ཞིག་ཡིན་པ་དང་། དེ་སྔོན་རྒྱ་ནག་གཞུང་གིས་ཁོང་གི་ནང་མིར་དཀའ་ངལ་ཐེངས་མང་སྤྲོད་མྱོང་ཡོད་པ་རེད། བོད་བཞུགས་རྩོམ་པ་པོ་འཇམ་དབྱངས་སྐྱིད་ཀྱིས་ཁོང་གི་སྐོར་གྱི་རྩོམ་ཡིག་ཅིག་༢༠༡༢ ལོར་བྲིས་ཡོད་འདིར་གཟིགས།
གནས་ཚུལ་སྔོན་སོང་།
གསར་འགོད་པ་ཆོས་ཉིད་འོད་ཟེར།
