རྐང་སྤོལ་རྩེད་མོ་བ་ཨོ་ཛིལ་གྱིས་ཡུ་གུར་བ་རྣམས་ལའང་མི་རིགས་ནག་པོའི་ལས་འགུལ་ལྟར་རྒྱབ་སྐྱོར་དགོས་སྐོར་བཤད་འདུག
རྐང་སྤོལ་རྩེད་མོ་བ་གྲགས་ཅན་མཱི་སུཌ་ཨོ་ཛིལ་(Mesuit Ozil) གྱིས་ཡུ་གུར་བ་རྣམས་ལའང་འཛམ་གླིང་གིས་མི་རིགས་ནག་པོའི་ལས་འགུལ་ལྟར་རྒྱབ་སྐྱོར་བྱེད་རྒྱུ་གལ་ཆེ་བ་དང་། སོ་སོའི་རུ་ཁག་ཨར་སི་ནལ་(Arsenal) གྱིས་ཡུ་གུར་བ་རྣམས་ལ་རྒྱབ་སྐྱོར་མ་བྱས་པར་བློ་ཕམ་བྱས་འདུག
དེ་ཡང་ཟླ་འདིའི་ཚེས་༡༤ ཉིན་གནས་ཚུལ་སྤེལ་བ་ལྟར་ན། རྐང་སྤོལ་རྩེད་མོ་བ་གྲགས་ཅན་མཱི་སུཌ་ཨོ་ཛིལ་(Mesuit Ozil) གྱིས་སོ་སོའི་རུ་ཁག་གིས་ཡུ་གུར་བའི་དཀའ་སྡུག་ལ་གདུང་སེམས་ཀྱི་རྒྱབ་སྐྱོར་མ་བྱས་པར་བློ་ཕམ་བྱས་འདུག
རྩེད་མོ་བ་ཁོང་གིས་ལོ་སྔོན་མར་སྤྱི་ཚོགས་དྲ་ལམ་བརྒྱུད་དེ་རྒྱ་ནག་གིས་ཡུ་གུར་བ་རྣམས་ལ་མི་རིགས་དབྱེ་འབྱེད་དང། དྲག་གནོན། མནར་གཅོད་གཏོང་བཞིན་པར་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་གྱི་སྐད་ཆ་བཤད་ཡོད།
སྐབས་དེ་དུས་ཁོང་གི་རུ་ཁག་ཨར་སི་ནལ་གྱིས་ཁོང་ལ་དགག་པའམ་སྐྱོན་བརྗོད་བྱས་མེད་ན་ཡང་། ཝི་བྷོ་(Weibo) དྲ་བའི་ངོས་སུ་རུ་ཁག་གིས་རྟག་ཏུ་“ཆབ་སྲིད་ནང་མི་ཞུགས་པའི་རྩ་དོན་”དམ་འཛིན་བྱེད་ཀྱི་ཡོད་སྐོར་བསྒྲགས་ཡོད།
ཡིན་ན་ཡང་། དེའི་རྗེས་སུ་ཨ་རིའི་ནང་ཇོར་ཇི-ཧྥི་ལོ་ཌི་(George Floyd) ཞེས་པའི་མི་ནག་ཅིག་ཉེན་རྟོག་པས་བསད་པའི་དོན་རྐྱེན་ལ་བརྟེན་ནས་མི་རིགས་ནག་པོའི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་བྱུང་བ་ལ། དབྱིན་ཇིའི་རྐང་སྤོལ་རུ་ཁག་ཚོས་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་བསྟན་ཡོད།
གྲགས་ཅན་གྱི་རྩེད་མོ་བ་ཁོང་གིས་ཡུ་གུར་བ་རྣམས་ལའང་མི་རིགས་ནག་པོའི་ལས་འགུལ་དང་མཚུངས་པའི་རྒྱབ་སྐྱོར་ཞིག་དགོས་པའི་མངོན་འདོད་བསྟན་འདུག་སྟེ། ཁོང་གིས་“ཆོས་ལུགས་དང་ཤ་མདངས་གང་ཡིན་ལ་ཁྱད་པར་མེད། ཁ་ཆེ་དང་། ཡེ་ཤུ། ཇིའུ། དེ་བཞིན་མི་དཀར་པོ་དང་ནག་པོ་གང་ཡིན་ཡང་ཁྱད་པར་མེད། ང་ཚོ་ཚང་མ་གཅིག་མཚུངས་ཡིན་”ཞེས་བརྗོད་པའི་ཐོག “ངས་[ན་ནིང་]གང་བཤད་པ་དེ་རྒྱ་ནག་མི་མང་ལ་མིན། དེ་ནི་ཡུ་གུར་བ་རྣམས་ལ་མནར་གཅོད་གཏོང་མཁན་དང་། ཁོ་ཚོ་ལ་རོགས་པ་མི་བྱེད་མཁན་དག་ལ་ཟེར་བ་ཡིན། ཁ་ཆེའི་རྒྱལ་ཁབ་གཞན་རྣམས་ལྟ་བུ་རེད”ཅེས་བསྣན་འདུག
གཞན་ཡང་། ཁོང་གིས་“ངས་ཨར་སི་ནལ་ལ་མང་པོ་ཞིག་སྟེར་ཡོད། རྩེད་ཐང་ནང་དང་ཕྱི་གཉིས་ཀར་ཟེར་གྱི་ཡོད། དེར་བརྟེན་ཁོ་ཚོའི་བྱེད་ཚུལ་དེ་བློ་ཕམ་དགོས་པ་ཞིག་རེད་”ཅེས་བློ་ཕམ་བྱུང་ཚུལ་བཤད་པ་མ་ཟད། “ཁོ་ཚོས་ཆབ་སྲིད་ནང་ཞུགས་ཀྱི་མེད་ཟེར་ཡོད། འོན་ཀྱང་། འདི་ནི་ཆབ་སྲིད་ཀྱི་གནད་དོན་ཆགས་མེད་ལ། ཁོ་ཚོ་[ཆབ་སྲིད་ཀྱི་]གནད་དོན་གཞན་གྱི་ནང་དུ་ཞུགས་ཡོད། ཨ་རིའི་ནང་ཇོར་ཇི-ཧྥི་ལོ་ཌི་བསད་པ་དེ་ང་ཚོས་མཐོང་ཡོད་པ་དང་། འཛམ་གླིང་ཧྲིལ་པོས་མི་རིགས་ནག་པོའི་ཚེ་སྲོག་ལ་རིན་ཐང་ཡོད་ཅེས་བཤད་ཡོད། དེ་ཡང་དག་པ་ཆགས་ཡོད། ང་ཚོ་ཚང་མ་འདྲ་མཉམ་ཡིན་ཞིང་། མི་རྣམས་ཀྱིས་དྲང་བདེན་མ་ཡིན་པར་འཐབ་རྩོད་བྱེད་པ་དེ་ཡག་པོ་ཆགས་ཡོད་”ཅེས་བཤད་འདུག
དེ་བཞིན་ཡུ་གུར་བ་རྣམས་ལའང་མི་རིགས་ནག་པོའི་ལས་འགུལ་དང་གཅིག་མཚུངས་ཀྱི་རྒྱབ་སྐྱོར་ཞིག་དགོས་པའི་ཐད་ལ་ཁོང་གིས་བརྗོད་དོན། “ཨར་སི་ནལ་རུ་ཁག་ནང་དུ་མི་རིགས་ནག་པོའི་རྩེད་མོ་བ་དང་། དགའ་མོས་བྱེད་མཁན་མང་པོ་ཡོད་པས། རུ་ཁུག་གིས་མི་རིགས་ནག་པོའི་ལས་འགུལ་ལ་རྒྱབ་སྐྱོར་བྱས་པ་དེ་ཧ་ཅང་ཡག་པོ་རེད།
ཡིན་ན་ཡང་། ངས་[ཡུ་གུར་བའི་]ཁ་ཆེ་ཚོའི་ཆེད་དུའང་དེ་འདྲའི་རྒྱབ་སྐྱོར་ཞིག་བྱུང་ཡོད་ན་ཅི་མ་རུང་དྲན་གྱི་འདུག རྒྱུ་མཚན་ནི་ཨར་སི་ནིལ་རུ་ཁག་ལ་ཁ་ཆེའི་རྩེད་འགྲན་བ་དང་། དགའ་མོས་བྱེད་མཁན་མང་པོ་ཡོད་པས་ཡིན། དེ་བཞིན་འཛམ་གླིང་གིས་’ཁ་ཆེའི་མི་མང་གི་ཚེ་སྲོག་ལ་རིན་ཐང་ཡོད་’ཅེས་བཤད་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད།”
གསར་འགོད་པ་དཀོན་མཆོག་རབ་བརྟན།