རྒྱ་གཞུང་གིས་ཅེག་གི་སྲིད་འཛིན་གྱིས་༧གོང་ས་མཆོག་མཇལ་བར་བསྙད་དེ་ཁོང་དང་འབྲེལ་བ་ཡོངས་རྫོགས་བཅད་འདུག
ཉེ་ཆར་ཅེག་གི་སྲིད་འཛིན་གྱིས་ལ་དྭགས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཡང་མཇལ་འཕྲད་ཞུས་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་བར་བརྟེན། དེས་རྒྱ་གཞུང་ལ་ཁོང་ཁྲོ་ཆེན་པོ་བསླངས་ཏེ་སྲིད་འཛིན་ཁོང་དང་འབྲེལ་བ་ཡོངས་རྫོགས་བཅད་ཡོད་པར་བརྗོད་འདུག

ཟླ་འདིའི་ཚེས་༡༢ ཉིན། ཨེ་པི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་འདིའི་རེས་གཟའ་མིག་དམར་ཉིན། རྒྱ་ནག་གཞུང་གིས་ཅེག་ཁེའི་སྲིད་འཛིན་པེ་ཊར་པ་ཝེལ་༼Petr Pavel༽ ་གྱིས་ཉེ་ཆར་ལ་དྭགས་སུ་༧གོང་ས་མཆོག་དང་མཇལ་འཕྲད་ཞུས་པར་བརྟེན། ཁོང་དང་འབྲེལ་བ་ཡོངས་རྫོགས་མཚམས་འཇོག་བྱས་ཡོད་ཅེས་བསྒྲགས་འདུག
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་༼Prague༽ ཏུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གིས་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པའི་གསལ་བསྒྲགས་ཤིག་བཀོད་པའི་ནང་། ཉེ་ཆར་༧གོང་ས་མཆོག་དང་མཇལ་འཕྲད་འདིས་ཅེག་གཞུང་གིས་རྒྱ་ནག་གི་གཞུང་ལ་ཁས་བླངས་པའི་ཆབ་སྲིད་ཀྱི་དམ་བཅའ་ལས་ཚབས་ཆེན་འགལ་ཡོད་པ་མ་ཟད། རྒྱ་ནག་གི་བདག་དབང་དང་མངའ་ཁོངས་གཅིག་གྱུར་ལ་གནོད་སྐྱོན་བཏང་ཡོད་པས། རྒྱ་ནག་གིས་དེར་བློ་ཕམ་དང་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་ཅེས། ཅེག་ཕྱོགས་ལ་ངོ་རྒོལ་བྱས་ཡོད་པ་དང་། ཅེག་སྲིད་འཛིན་གྱི་ཁོང་ཁྲོ་སློང་བྱེད་ཀྱི་བྱ་སྤྱོད་ཚབས་ཆེན་ལ་བརྟེན། རྒྱ་གཞུང་གིས་ཁོང་དང་འབྲེལ་འདྲིས་མཐའ་དག་གཅོད་རྒྱུ་བྱས་པ་ཡིན་ཞེས་བཀོད་འདུག ཅེག་སྲིད་འཛིན་ལས་ཁུངས་ཀྱིས་གསལ་བསྒྲགས་དེར་འཕྲལ་དུ་ལན་འདེབས་གང་ཡང་བྱས་མི་འདུག
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་པེ་ཊར་པ་ཝེལ་༼Petr Pavel༽ མཆོག་ཕྱི་ལོ་༢༠༢༥ ཟླ་༧ ཚེས་༢༧ ཉིན། ལ་དྭགས་སུ་ཆེད་མངགས་༧གོང་ས་མཆོག་མཇལ་བཅར་ཞུས་ནས་༧གོང་ས་མཆོག་དགུང་གྲངས་༩༠ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་སྦྲགས། དེའི་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་མཇལ་འཕྲད་གནང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་ཅེས་བརྗོད་ཡོད་པ་རེད།
ཕྱི་ལོ་༢༠༢༣ ཟླ་༡ པའི་ནང་། ཁོང་ཉིད་ཅེག་སྲིད་འཛིན་དུ་འདེམས་ཐོན་བྱུང་རྗེས། ཁོང་གིས་སྐབས་དེར་ཐའེ་ཝན་གྱི་སྲིད་འཛིན་ཚའི་དབྱིང་ཝན་དང་ཁ་པར་ཐོག་བཀའ་མོལ་གནང་པར་བརྟེན། རྒྱ་ནག་ཁོང་ཁྲོ་ལངས་པ་སོགས། ཉེ་བའི་ལོ་ཤས་རིང་། རྒྱ་ནག་དང་ཅེག་སྤྱི་མཐུན་རྒྱལ་ཁབ་བར་གྱི་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་ཡོད་འདུག རྒྱལ་ཁབ་ཕལ་མོ་ཆེ་དང་འདྲ་བར། ཅེག་སྤྱི་མཐུན་རྒྱལ་ཁབ་དང་ཐའེ་ཝན་བར་གཞུང་འབྲེལ་གྱི་ཕྱི་འབྲེལ་བཙུགས་མེད་ཀྱང་། གཞུང་འབྲེལ་མིན་པའི་འབྲེལ་ལམ་ཟབ་མོ་རྒྱུན་སྐྱོང་བྱེད་ཀྱི་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།
