རྒྱ་གཞུང་གིས་བོད་པའི་བུད་མེད་གཅིག་འཇུ་བཟུང་བྱས་ཡོད་འདུག
༧གོང་ས་མཆོག་གི་སྐུ་པར་ཞིག་སྤྱི་ཚོགས་བརྒྱུད་ལམ་དུ་བསྐུར་བའི་རྐྱེན་གྱིས་བོད་པའི་བུད་མེད་གཅིག་རྒྱ་གཞུང་གིས་འཇུ་བཟུང་བྱས་ཡོད་འདུག
ཕྱི་ཟླ་༡༡ ཚེས་༡༠ ཉིན་བོད་ཀྱི་དུས་བབ་གནས་ཚུལ་ལྟར་ན། ཉེ་ཆར་ཕྱི་ཟླ ༡༠ ཚེས་ ༢༦ ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་འབྲོང་ལུང་ཡུལ་ཚོ་ནས་ཡིན་པའི་བོད་རིགས་བུད་མེད་དབང་ཕྱུག་མཚོ་ཞེས་པ་ཞིག་རྒྱ་གཞུང་གིས་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་བདུན་ཕྲག་གཉིས་ཙམ་ཕྱིན་ཡོད་པར་བརྗོད་འདུག་ཀྱང་ནང་མི་ཚོར་གནས་ཚུལ་གང་ཡང་རག་མེད་པ་ཡིན་འདུག ཁོང་མོའི་ནང་མི་ཉེ་འབྲེལ་ཚོས་རྫོང་ཉེན་རྟོག་པར་མོ་འཇུ་དགོས་པའི་རྒྱུ་རྐྱེན་འདྲི་སྐབས། ཁོང་མོས་རྒྱ་གར་དུ་ཡོད་པའི་བོད་མི་དང་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པ། དེ་བཞིན་༧གོང་ས་མཆོག་གི་སྐུ་པར་སྤྱི་ཚོགས་བརྒྱུད་ལམ་དུ་བསྐུར་བ་སོགས་བཤད་ཡོད་འདུག་པ་མ་ཟད། ཁོང་མོའི་ཁྱོ་གའི་ཁ་པར་ཡང་བཙན་འཕྲོག་བྱས་ཏེ་ཕྱིར་མ་སྤྲད་པར་བརྗོད་འདུག
ཁོང་མོས་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཐོག་༧གོང་ས་མཆོག་གི་སྐུ་པར་སྤེལ་རྗེས། བོད་མི་རྣམས་ཀྱིས་༧རྒྱལ་བ་རིན་པོ་ཆེའི་ཞལ་མཇལ་བ་དང་བོད་མཐོང་བ་གཅིག་མཚུངས་རེད་སོགས། སོ་སོའི་ཚོར་བ་མཚོན་པའི་མཆན་མང་པོ་བྲིས་ཡོད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།
