རྒྱ་གཞུང་གིས་མདོ་སྨད་མང་རྫོང་དུ་དུས་འཁོར་དབང་ཆེན་གནང་བཅུག་མི་འདུག

པར་དབང་བོད་ཀྱི་དུས་བབ།
ཨ་ཐིས་དགོན་པའི་དགོན་བདག་ཨ་ཐིས་རིན་པོ་ཆེས་མི་མང་གི་རེ་འདུན་ལྟར་མདོ་སྨད་མང་རྫོང་དུ་ཆོས་འཁོར་དུས་ཆེན་དང་བསྟུན་ནས་དུས་འཁོར་དབང་ཆེན་གནང་རྒྱུ་ཡིན་པ་དང་། དེ་ཡང་ས་གནས་གཞུང་གི་ཆོག་མཆན་ཐོབ་ཡོད་ཀྱང་། ཕྱི་ཟླ་༧ཚེས་༡༩ ཉིན་རྒྱ་གཞུང་གི་ཉེན་རྟོག་པ་གློ་བུར་དུ་ཡོང་ནས་གུར་དང་དཀྱིལ་འཁོར་སོགས་གཏོར་བཤིག་བྱས་ཏེ་དུས་འཁོར་དབང་ཆེན་གནང་བཅུག་མི་འདུག
དེ་ཡང་མདོ་སྨད་མཚོ་ལྷོ་མང་རྫོང་གི་ཨ་ཐིས་དགོན་པའི་དགོན་བདག་བླ་མ་ཨ་ཐིས་རིན་པོ་ཆེའམ་༧སྐྱབས་རྗེ་སྐལ་བཟང་བཀྲ་ཤིས་རྒྱ་མཚོ་ཞུ་བ་ཞིག་གིས། ཆོས་འཁོར་དུས་ཆེན་དང་བསྟུན་ནས་མདོ་སྨད་མང་རྫོང་དུ་དུས་འཁོར་དབང་ཆེན་གནང་རྒྱུར་ས་གནས་གཞུང་གི་ཆོག་མཆན་ཐོབ་ཡོད་པ་བཞིན། དབང་གི་སྔོན་འགྲོའི་ས་ཆོག་དང་དཀྱིལ་འཁོར་གྱི་ཐིག་རྡུལ་ཚོན་སོགས་ཡོངས་སུ་གྲུབ་ཟིན་ཞིང་། བླ་མ་གདན་འདྲེན་ཞུས་ཏེ་ཞོགས་སྔ་པོ་ནས་དབང་ཞུ་མཁན་སྟོང་ཕྲག་མང་པོ་འཛོམས་ཡོད་འདུག་ཀྱང་། ཁ་སང་སྟེ་ཕྱི་ཟླ་༧ཚེས་༡༩ སྔ་དྲོའི་ཚོུད་༦ཡས་མས་སུ་རྒྱ་ནག་གི་དྲག་ཆས་ཉེན་རྟོག་པ་མང་པོ་ཞིག་གློ་བུར་དུ་ཡོང་སྟེ། བླ་མ་བཙན་གྱིས་ཕྱིར་ཕེབས་བཅུག་པ་དང་། དུས་འཁོར་དབང་ཆེན་གནང་མི་ཆོག་པར་བརྗོད་དེ་ཕྱིའི་གུར་དང་ནང་གི་དཀྱིལ་འཁོར་བཤིག་ཏུ་བཅུག་པ་མ་ཟད། དེ་ཡང་དཀྱིལ་འཁོར་ཐོག་ཆུ་བླུགས་ནས་གཏོར་བཤིག་བཏང་ཡོད་འདུག
དེ་བཞིན་དུས་འཁོར་དབང་ཆེན་གྱི་གྲ་སྒྲིག་ཉིན་མང་པོར་བྱས་ཡོད་འདུག་ལ། མང་ཚོགས་ཀྱི་སྡོད་གུར་ཆིག་སྟོང་ལྷག་ཕུབ་པ་དེ་དག་ཀྱང་དྲག་ཆས་ཉེན་རྟོག་པས་བཤིག་ཡོད་པ་མ་ཟད། དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་མི་སྣ་ཡང་བཀག་ཉར་བྱས་པ་དང་། ས་གནས་གཞུང་གི་འགོ་ཁྲིད་ཁག་ཅིག་ཀྱང་བཀག་ཉར་བྱས་ཡོད་པར་ས་གནས་མི་མང་གིས་རྗོད་ཀྱི་ཡོད་འདུག་ལ། རྒྱ་གཞུང་གིས་དུས་དབང་གནང་མ་བཅུག་པ་དེས་དད་ལྡན་མི་མང་ཚོའི་སེམས་ལ་རྨ་ཁ་ཆེན་པོ་བཟོས་པ་མ་ཟད། དབང་ཞུ་སའི་ས་ཆ་གཅིག་པུར་རྒྱ་སྒོར་ཁྲི་ ༣༠༠ ཙམ་སྤྲད་དགོས་བྱུང་ཡོད་འདུག་པས་དཔལ་འབྱོར་ལ་ཡང་གྱོང་གུད་ཆེན་པོ་ཕོག་ཡོད་འདུག གཞན་ཡང་རྒྱ་ནག་གཞུང་གིས་ཆོས་དད་རང་མོས་ཡིན་ཟེར་བ་དང་། དུས་དབང་གནང་ཆོག་པའི་ཆོག་་མཆན་སྤྲད་ནས་སླར་ཡང་བཀག་པ་དེ་ཚོ་མི་མང་ལ་མགོ་སྐོར་ཡིན་པ་སོགས་མི་མང་གིས་འགྲེལ་བརྗོད་གནང་གི་ཡོད་འདུག
གསར་འགྱུར་ཡོང་ཁུངས་བོད་ཀྱི་དུས་བབ་དང་ཨེ་ཤེ་ཡ་རང་རླུང་འཕྲིན་ཁང་།
གསར་འགོད་པ་བསྟན་འཛིན་ལམ་བཟང་།
