རྒྱ་གཞུང་གིས་རྒྱལ་ཁབ་གཞན་གྱི་ལས་དོན་ལ་ཐེ་གཏོགས་བྱས་པ་ལས་ཁེ་ཕན་ལ་བསམ་བློ་གཏོང་གི་མེད་ཅེས་བརྗོད།

ཟླ་འདིའི་ཚེས་༢༧ ཉིན་Mint ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གིས་ཡུལ་སྐོར་ལས་རིགས་ལ་སྐུལ་འདེད་གཏོང་ཆེད། རྒྱལ་ཁབ་མང་པོའི་མི་སེར་ཚོ་གནས་སྐབས་རྒྱ་ནག་ཏུ་འགྲོ་བ་ལ་མཐོང་མཆན་མི་དགོས་པ་བཟོས་ཡོད་པའི་གནས་ཚུལ་ཐོན་འདུག

པར། རོའུ་ཊར།

རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། ཧྥ་རན་སི་དང་ཇར་མན། སི་པན་དང་ཨི་ཊ་ལི། ཧོ་ལན་ཌི་དང་མ་ལི་ཤེ་ཡ་བཅས་ཀྱི་མི་སེར་ཚོ་རྒྱ་ནག་ཏུ་ཚོང་དོན་དང་། ཡུལ་སྐོར། ནང་མི་གཉེན་འཕྲད་སོགས་ཉིན་གྲངས་༡༥ ལས་མི་མང་བ་འགྲོ་དགོས་ཚེ། ལོ་འདིའི་ཟླ་༡༢ ཚེས་༡ ནས་ལོ་རྗེས་མའི་ཟླ་༡༡ ཚེས་༣༠ བར་མཐོང་མཆན་མི་དགོས་པའི་ངང་ནས་འགྲོ་ཆོག་གི་རེད་ཅེས་བརྗོད་ཡོད་འདུག འདས་པའི་ལོ་ངོ་གསུམ་གྱི་རིང་། རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་ཆེན་པོ་ཕྱིན་པར་བརྟེན། ས་མཚམས་སྒོ་བརྒྱབ་ནས་རྒྱལ་ནང་དུ་དམ་དྲག་ཆེན་པོ་བྱས་ཡོད་ཅིང་། ཉེ་བའི་ཟླ་བ་ཁ་ཤས་རིང་ནས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་མཁའ་ལམ་སླར་གསོ་གཙོས་པའི་ཡུལ་སྐོར་ལས་རིགས་ཐོག་ཤུགས་སྣོན་རྒྱག་བཞིན་ཡོད་འདུག

ལྷག་པར་དུ་རྒྱ་ནག་དང་ནུབ་ཕྱོགས་རྒྱལ་ཁབ་མང་པོའི་བར་འགྲོ་བ་མིའི་ཐོབ་ཐང་དང་ཚོང་དོན། ཐའེ་ཝན་དང་ཏོག་དབྱིབས་གཉན་རིམས་ཀྱི་གནད་དོན་མང་པོའི་ཐོག་ལ་གདོང་ཐུག་བྱུང་ཡོད་པས། བྱེད་ཐབས་དེར་བརྟེན་ནས་རྒྱ་ནག་གཞུང་གིས་འཛམ་གླིང་ཐོག་རྒྱ་ནག་གི་མཚན་གནས་བསྐྱར་གསོ་ཡོང་བའི་རེ་བ་བྱེད་བཞིན་ཡོད་འདུག

ཉེ་ཆར་ཕིའུ་(Pew) ཞིབ་འཇུག་ལྟེ་གནས་ཁང་གིས་རྒྱལ་ཁབ་༢༤ ནང་རྒྱ་ནག་ཐོག་ལ་ལྟ་ཚུལ་ཅི་ཡིན་རྟོག་ཞིབ་བྱས་ཡོད་པའི་ནང་། རྒྱལ་ཁབ་༢༤ ནང་གི་གཞོན་སྐྱེས་བརྒྱ་ཆ་༦༧% གྱིས་རྒྱ་ནག་ལ་ལྟ་སྟངས་ལེགས་པོ་མེད་པ་གསལ་སྟོན་བྱས་ཡོད་འདུག རྟོག་ཞིབ་ནང་མཉམ་ཞུགས་བྱེད་མཁན་ཕྱེད་ཀ་ལྷག་གིས་རྒྱ་གཞུང་གིས་རྒྱལ་ཁབ་གཞན་གྱི་ལས་དོན་ལ་ཐེ་གཏོགས་བྱས་པ་ལས་རྒྱལ་ཁབ་གཞན་གྱི་ཁེ་ཕན་ལ་བསམ་བློ་གཏོང་གི་མེད་པ་རེད་ཅེས་བརྗོད་ཡོད་འདུག

རྒྱ་ནག་ཏུ་ཡོད་པའི་ཇར་མན་གྱི་གཞུང་ཚབ་པས་ཐག་གཅོད་དེས་ཇར་མན་པ་ཚོ་རྒྱ་ནག་ལ་འགྲོ་རྒྱུའི་སྔོན་ཆད་བྱུང་མྱོང་མེད་པའི་མཐུན་རྐྱེན་བསྐྲུན་པ་རེད་ཅེས་བརྗོད་ཡོད་པ་མ་ཟད། རྒྱ་གཞུང་གིས་ཡུ་རོབ་རྒྱལ་ཁབ་ཚང་མ་ལ་བྱེད་ཐབས་དེ་ལག་བསྟར་བྱེད་པའི་རེ་བ་ཡོད་ཅེས་བརྗོད་ཡོད་འདུག

གཞན་ཡང་(South china morning post) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གཞུང་གིས་ནད་ཡམས་སོགས་ཀྱིས་རྐྱེན་པས་ལོ་ངོ་གསུམ་གྱི་རིང་། ས་མཚམས་སྒོ་བརྒྱབ་ཡོད་པ་དང་། ལོ་འདིའི་ཕྱི་ཟླ་༡ པོའི་ནང་ས་མཚམས་བསྐྱར་དུ་སྒོ་ཕྱེས་ཡོད་ཀྱང་། ཕྱི་ལོ་༢༠༢༣ ལོའི་ཟླ་བ་དྲུག་གི་རིང་རྒྱ་ནག་ཏུ་ཡུལ་སྐོར་ཡོང་མཁན་དང་ཕྱི་ལོ་༢༠༡༩ ལོར་རྒྱ་ནག་ཏུ་ཡུལ་སྐོར་ཡོང་མཁན་གྱི་གྲངས་འབོར་བསྡུར་ན། ཕྱི་ལོ་༢༠༢༣ ལོར་རྒྱ་ནག་ཏུ་ཡུལ་སྐོར་ཡོང་མཁན་བརྒྱ་ཆ་༧༠%་ཉུང་དུ་ཕྱིན་ཡོད་འདུག

གནས་ཚུལ་དབྱེ་ཞིབ་པ་འགས། རྒྱ་ནག་གི་དཔལ་འབྱོར་འཕར་ཚད་དལ་དུ་འགྲོ་བཞིན་པ་དང་ཕྱི་མི་མ་འཛུགས་བྱེད་མཁན་ཉུང་དུ་ཕྱིན་པར་བརྟེན། རྒྱ་གཞུང་གིས་རྒྱལ་སྤྱིའི་ཡུལ་སྐོར་བ་དང་མ་དངུལ་འཇོག་པར་འགུག་ཆེད་མཐོང་མཆན་མི་དགོས་པ་རྒྱ་ནག་ཏུ་འགྲོ་ཆོག་པའི་སྲིད་བྱུས་ལག་བསྟར་བྱས་ཡོད་རབས་བརྗོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།