རྒྱ་གཞུང་གིས་ལ་དྭགས་ཀྱི་ཉེ་འདབས་ས་མཚམས་སུ་དམག་གི་རྟེན་གཞི་འཛུགས་སྐྲུན།
ཨ་རིའི་(Space Tech Company) ཡིས་བར་གནམ་གྱི་འཁོར་སྐར་བརྒྱུད་ནས་ལྟ་དུས། རྒྱ་ནག་གཞུང་གིས་ལ་དྭགས་ཀྱི་ཉེ་འདབས་ཨས་ཁེ་ཆན་( Akai Chin)་ཟེར་བའི་ས་ཆར་རྒྱ་ནག་གི་དམག་མིས་དམག་གི་རྟེན་གཞི་མང་པོ་འཛུགས་སྐྲུན་བྱེད་བཞིན་ཡོད་པའི་སྙན་ཐོ་ཞིག་ཐོན་ཡོད་འདུག

ཕྱི་ཚེས་༣༠ ཉིན་རྒྱ་གར་གྱི་(Wion)གསར་ཁང་གིས་བརྗོད་དོན་ལ། ལ་དྭགས་ས་མཚམས་སུ་ཨས་ཀེ་ཆན་ཟེར་བའི་ས་ཆའི་ནང་རྒྱ་ནག་བཅིངས་གྲོལ་དམག་མིས་དམག་གི་རྟེན་གཞི་མང་པོ་འཛུགས་སྐྲུན་བྱེད་བཞིན་ཡོད་པར་རྟོགས་འདུག་ལ། རྒྱ་གར་གཞུང་གིས་བརྗོད་དོན་ལ་ས་ཆ་དེ་ནི་རྒྱ་གར་གྱི་ས་ཆ་ཡིན་པར་བརྟེན་རྒྱ་ནག་གིས་དམག་གི་རྟེན་གཞི་འཛུགས་སྐྲུན་བྱས་ན་མི་འགྲིག་ཚུལ་བརྗོད་ཡོད་འདུག
དམག་གི་རྟེན་གཞིའི་འཛུགས་སྐྲུན་ལས་གཞིའི་ནང་ལག་ཆའི་རིགས་སྦས་ས་རི་ལ་ས་སྦུག་(Tunnel)མང་པོ་འདྲུ་བཞིན་ཡོད་པ་དང་། འཐབ་རྭ་མང་པོ་བཟོས་ནས་རྒྱ་ནག་གི་དམག་མི་རྣམས་ཡིབ་ས་བཟོ་བཞིན་པ་དང་། དེ་བཞིན་རྭ་བས་བསྐོར་ནས་ས་ཆ་མང་པོ་ཞིག་བདག་བཟུང་བྱེད་བཞིན་ཡོད་པ་བར་གནམ་གྱི་འཁོར་སྐར་བརྒྱུད་ནས་རྙེད་ཡོད་པར་( Space Tech Company) བརྗོད་ཡོད་པ་དང་། དེ་བཞིན་རྒྱུགས་ཆུའི་གཡས་གཡོན་དུ་འཐབ་རྭའམ་འཛིང་རྭ་༡༡ ཙམ་བཟོས་ཡོད་པར་རྟོགས་འདུག གསར་འགྱུར་བརྒྱུད་ལམ་ཁག་ནང་གནད་དོན་དེ་དང་འབྲེལ་བའི་མཁས་པ་ཁག་གིས་བརྗོད་དོན་ལ། འདས་པའི་ཟླ་བ་མང་པོའི་རིང་ནས་རྒྱ་ནག་གཞུང་གིས་ས་ཁུལ་དེ་དག་ནང་དམག་གི་རྟེན་གཞི་དུ་མ་འཛུགས་སྐྲུན་བྱེད་བཞིན་པ་དེ་ཡིས་ད་ཆར་རྒྱ་དཀར་ནག་བར་དམག་འཁྲུག་འདྲ་བྱུང་ན། ས་ཁམས་གནས་བབ་ཐོག་ནས་ཁེ་ཕན་ལེན་ཐབས་བྱེད་བཞིན་ཡོད་ཚུལ་དང་། འཐབ་རྭ་དང་རྭ་བ་སོགས་མང་པོ་རྒྱག་བཞིན་པ་ནི་རྒྱ་ནག་གིས་རྒྱ་གར་གྱི་གནམ་དམག་དང་འཐབ་འཁྲུག་བྱེད་དུས་འགོག་སྲུང་ཆེད་དུ་ཡིན་པ་གསར་འགྱུར་བརྒྱུད་ལམ་ཁག་ནང་བརྗོད་འདུག ད་ཆར་རྒྱ་གར་གྱིས་དེ་དག་རྟོགས་ཐུབ་ཡོད་པ་ཡག་པོ་ཡིན་ཡང་དེ་ནི་ད་ལྟ་གཅིག་པུ་མ་ཡིན་པར། དེ་སྔོན་དབྱིན་ཡུལ་ནང་རྟེན་གཞི་བྱེད་བཞིན་པའི་ཉམས་ཞིབ་ལྟེ་གནས་ཁང་(Chatham House)ཞིག་གིས་བརྗོད་དོན་ལ། ཕྱི་ལོ་༢༠༢༢ ཟླ་བ་༡༠ པ་ནས་འདས་པའི་ཟླ་བ་དྲུག་གི་རིང་ལ་རྒྱ་ནག་གིས་རྒྱ་གར་གྱི་ས་མཚམས་སུ་ལྐོག་ནས་དམག་མི་མང་པོ་འགྲེམ་འཇོག་བྱེད་བཞིན་ཡོད་པ་འཁོར་སྐར་བརྒྱུད་ནས་རྟོགས་ཡོད་པར་བརྗོད་འདུག་ལ། རྒྱ་ནག་གཞུང་གིས་ཧིན་བོད་ས་མཚམས་སུ་གྲོང་སྡེ་དང་། འཛུགས་སྐྲུན་ལས་གཞི། གཞུང་ལམ་སོགས་མང་པོ་རྒྱག་བཞིན་ཡོད་པ་མ་ཟད། ཕྱི་ལོ་༢༠༢༠ ལོར་རྒྱ་དཀར་ནག་གཉིས་ཧིན་བོད་ས་མཚམས་སུ་གདོང་ཐུག་བྱུང་རྗེས། ལས་གཞི་དེ་དག་མང་དུ་ཕྱིན་ཡོད་པར་བརྗོད་འདུག ད་ཆར་རི་ལ་ཁོག་སྟོང་དྲུལ་ནས་གོ་ལག་སོགས་སྦས་ས་བཟོ་བཞིན་པ་ལ་བལྟས་ན། གྷ་ཝན་ལུང་གཤོངས་ནང་རྒྱ་དཀར་ནག་བར་གདོང་ཐུག་བྱུང་བ་ནས་བཟུང་རྒྱ་ནག་གིས་ཨས་ཁེ་ཆན་ས་ཆ་བདག་བཟུང་བྱེད་འདོད་པ་མ་ཟད། རྒྱ་གར་དང་གདོང་ཐུག་ཤོར་ཚེ་དམག་འཐབ་གྲ་སྒྲིག་བྱེད་བཞིན་ཡོད་པར་བརྗོད་འདུག དེ་བཞིན་འཁོར་སྐར་བརྒྱུད་ལྟ་དུས་སུ་ད་ཆར་རྒྱ་དཀར་ནག་བར་གདོང་ཐུག་ཤོར་ཚེ་དམག་འཁྲུག་ཐབས་བྱུས་ཀྱི་ངོས་ནས་རྒྱ་གར་གྱི་གནམ་དམག་ལ་ཁེ་ཕན་ཆེན་པོ་ཡོད་པར་བརྟེན། རྒྱ་ནག་གིས་དེ་འགོག་སྲུང་ཆེད་གྲ་སྒྲིག་བྱེད་བཞིན་ཡོད་པར་བརྗོད་འདུག །
གསར་འགོད་པ། བསོད་ནམས་ཕུན་ཚོགས།