རྒྱ་གར་ཀར་ན་ཊ་ཀ་མངའ་སྡེའི་སློབ་གཉེར་ཁང་༧༠ ་ནང་འབར་མདེལ་བཞག་ཡོད་པའི་ཉེན་བརྡ་འབྱོར།

ཟླ་འདིའི་ཚེས་༢ ་ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ནང་། སློབ་གཉེར་ཁང་༧༠ ་ནང་འབར་མདེལ་བཞག་ཡོད་པའི་ཉེན་བརྡ་འབྱོར་ཡོད་པའི་གནས་ཚུལ་ཐོན་འདུག

པར། NDTV

ཟླ་འདིའི་ཚེས༡ ཉིན། རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ནང་། གྲོང་ཁྱེར་ནང་གི་སློབ་གྲྭ་ཁག་༤༨ དང་གྲོང་གསེབ་ཁག་ཏུ་ཡོད་པའི་སློབ་གྲྭ་༢༢ ལ་སློབ་གྲྭའི་ཁོར་ཡུག་ནང་འབར་མདེལ་བཞག་ཡོད་པ་དང་། དུས་ངེས་མེད་ལ་འཐོར་སྲིད་པའི་ཉེན་བརྡ་ཞིག་གློག་འཕྲིན་བརྒྱུད་ནས་སློབ་གྲྭའི་འཛིན་སྐྱོང་ལས་བྱེད་ཚོ་ལ་འབྱོར་ཡོད་པར་བརྟེན། སློབ་གྲྭ་ཁག་གི་འཛིན་སྐྱོང་ལས་བྱེད་ཚོས་ས་གནས་ཉེན་རྟོག་ལས་ཁུངས་ལ་སྙན་གསན་ཞུས་ཤིང་། སློབ་གྲྭའི་ནང་གི་དགེ་ལས་སློབ་ཕྲུག་རྣམས་ཉེན་གཡོལ་བྱེད་བཅུག་ཡོད་འདུག

ཉེན་བརྡའི་ཡི་གེའི་ནང་། ཁྱེད་ཚོ་ནི་ཨ་ལ་(Allah) ་ཡི་དགྲ་བོ་རེད། ང་ཚོས་ཁྱེད་དང་ཁྱེད་ཀྱི་ཕྲུ་གུ་ཚོ་གསོད་རྒྱུ་ཡིན། ཁྱེད་ལ་ཨ་ལའི་ཆོས་ལུགས་ཁས་ལེན་བྱེད་རྒྱུ་དང་། ཡང་ན། ང་ཚོའི་བྲན་གཡོག་བྱེད་རྒྱུའི་གདམ་ཁ་ཡོད། ང་ཚོས་ཨ་ལའི་ཆོས་ལུགས་དེ་རྒྱ་གར་རྒྱལ་ཡོངས་ལ་དར་ཁྱབ་ཡོང་བ་བྱེད་རྒྱུ་ཡིན་སོགས་འཁོད་ཡོད་འདུག

སློབ་གྲྭ་གཅིག་ཙམ་མ་གཏོགས་ཚང་མ་སྒེར་གཉེར་སློབ་གྲྭ་ཡིན་པ་དང་། སློབ་གྲྭ་༧༠ ལ་ཉེན་བརྡའི་ཡི་གེ་གཅིག་མཚུངས་འབྱོར་ཡོད་འདུག ད་ལྟའི་ཆར་སློབ་གྲྭ་མང་པོས་གུང་གསེང་ཡིན་པའི་གསལ་བསྒྲགས་སྤེལ་ནས་སློབ་མ་ཚོ་ཁྱིམ་ལ་ལོག་བཏང་ཡོད་འདུག

ཉེན་རྟོག་ལས་ཁུངས་ཀྱིས་ས་གནས་སུ་ཡོད་པའི་འབར་མདེལ་བཤིག་མཁན་རུ་ཁག་སོགས་ལ་འབྲེལ་བ་བྱས་ནས། སློབ་གྲྭ་ཁག་ཚང་མའི་ཁོར་ཡུག་ནང་རྟོག་ཞིབ་བྱས་ཀྱང་། ད་བར་འབར་མདེལ་སོགས་དོགས་གཞི་ཡོད་པའི་དངོས་པོ་གང་ཡང་རྙེད་སོན་བྱུང་མེད་པ་རེད་འདུག

ཀར་ན་ཊ་ཀ་མངའ་སྡེའི་བློན་ཆེན་གྱིས། ཉེན་རྟོག་པ་ཚོ་ལ་གློག་འཕྲིན་གྱི་ཁ་བྱང་དང་དེའི་ཡོང་ཁུངས་གང་ཡིན་སོགས་ཀྱི་རྟོག་ཞིབ་ནན་པོ་བྱེད་དགོས་པ་དང་། སློབ་གྲྭ་ཁག་གི་བདེ་འཇགས་ཐོག་འགན་ལེན་བྱེད་དགོས་ཞེས་བརྗོད་ཡོད་འདུག

ཉེན་རྟོག་རྒན་གྲས་ཤིག་གིས་བརྗོད་གསལ་ལྟར་ན། ཕྱི་ལོ་༢༠༢༢ ལོ་ལ་ཡང་། གྲོང་ཁྱེར་གྱི་སློབ་གྲྭ་ཁག་༡༦ ལ་འབར་མདེལ་བཞག་ཡོད་པའི་ཉེན་བརྡ་འབྱོར་ཡོད་ཀྱང་། རྟོག་ཞིབ་རིམ་པ་བྱས་རྗེས། དེ་ནི་མགོ་སྐོར་གཏོང་བ་ཞིག་ཡིན་པ་ར་འཕྲོད་བྱུང་འདུུག།།

གཞན་ཡང་། ཟླ་བ་སྔོན་མའི་ཚེས་༢༧ ཉིན་སྦར་སེལ་(Brussels) དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། སྦེལ་ཇམ་གྱི་རྒྱལ་ས་སྦར་སེལ་(Brussels) ་སོགས་ལ་ཡོད་པའི་སློབ་གྲྭ་ཁག་༣༠ ལ་སློབ་གྲྭའི་ནང་འབར་མདེལ་བཞག་ཡོད་པའི་ཉེན་བརྡ་འབྱོར་ནས་སློབ་གྲྭ་ཁག་སྒོ་བརྒྱབ་དགོས་བྱུང་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།