རྒྱ་གར་གྱི་རྡུལ་མཚོན་འཁྱེར་བྱེད་ཀྱི་མེ་ཤུགས་འཕུར་མདའི་ཚོད་ལྟ་ལ་གྲུབ་འབྲས་ཐོན་འདུག

རྒྱ་གར་གྱིས་གླིང་ཕྲན་གཞན་ལ་སྙོབ་ཐུབ་པའི་རྡུལ་མཚོན་འཁྱེར་བྱེད་ཀྱི་མེ་ཤུགས་འཕུར་མདའ་ཨག་ནི་༥ པ་ཞེས་པ་དེ་ཚོད་ལྟ་བྱས་ནས་གྲུབ་འབྲས་ཐོན་ཡོད་འདུག་པས། འཛམ་གླིང་ནང་གི་རྡུལ་མཚོན་གྱི་སྟོབས་ཆེན་རྒྱལ་ཁབ་ཁོངས་སུ་འཛུལ་ཡོད་པ་རེད་འདུག

ཟླ་༡ པོའི་ཚེས་༡༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ།  རྒྱ་གར་གྱིས་ཟླ་༡ པོའི་ཚེས་༡༨ ཉིན་རྒྱ་གར་གྱི་མངའ་སྡེ་ཨོ་ཌི་ཤའི་ཨབ་རྡུལ་ཀ་ལམ་གླིང་ཕྲན་ནས། གླིང་ཕྲན་གཞན་ལ་སྙོབ་ཐུབ་པའི་རྡུལ་མཚོན་འཁྱེར་བྱེད་ཀྱི་མེ་ཤུགས་འཕུར་མདའ་ཨག་ནི་༥ ཞེས་པ་དེ་ཚོད་ལྟ་བྱས་འདུག་པ་དང་། དེས་སྐར་མ་༡༩ རིང་འཕུར་བ་དང་རྒྱང་ཐག་ཀི་ལོ་མི་ཊར་༤༨༢༨.༠༣༢ བསྐྱོད་ཐུབ་ཡོད་འདུག་པས། དེས་རྒྱ་ནག་གི་ས་ཁུལ་ཕལ་ཆེ་བར་སྙོབ་ཐུབ་ཀྱི་ཡོད་པ་རེད་འདུག

ཚོད་ལྟ་དེ་ཡང་རྒྱ་གར་གྱིས་བོད་དང་རྒྱ་གར་གྱི་ས་མཚམས་གཙོས་པའི་ས་མཚམས་ཁག་གི་དམག་མིའི་མཚོན་ཆ་ཡར་རྒྱས་གཏོང་ཆེད། ཨ་སྒོར་ས་ཡ་༥༥༣ འགྲོ་སོང་གཏོང་རྒྱུའི་གསལ་བསྒྲགས་བྱས་པའི་ཉིན་གཅིག་གི་རྗེས་སུ་བྱས་པ་ཡིན་འདུག

རྒྱ་གར་གྱི་བདེ་སྲུང་བློན་ཆེན་གྱིས་གྲུབ་འབྲས་དེས་རྒྱ་གར་གྱི་བདེ་སྲུང་ནུས་ཚད་མཐོ་འདེད་བྱས་པ་ཡིན་སྐོར་དང་། རྒྱ་གར་གྱི་སྲིད་འཛིན་གྱིས་གྲུབ་འབྲས་དེར་རྒྱ་གར་ཡུལ་མི་ཚང་མ་སྤོབས་པ་སྐྱེས་འོས་པ་ཡིན་སྐོར་བརྗོད་འདུག

རྒྱ་གར་གྱི་མེ་ཤུགས་འཕུར་མདའ་ཨག་ནི་(མེ་ཡི་དོན་ཡིན་)༥ པ་དེའི་རིང་ཚད་ནི་ཧྥི་ཀྲེ་༥༥ ཙམ་དང་ལྗིད་ཚད་ཀི་ལོ་གྷེ་རམ་༡༣༦༠ ལྷག་འཁྱེར་ཐུབ་པའི་ནུས་པ་ཡོད་འདུག་པས། རྡུལ་མཚོན་འཁྱེར་ཐུབ་པའི་ནུས་པ་ལྡན་ཡོད་འདུག དེ་བཞིན་དེས་རྒྱང་ཐག་ཀི་ལོ་མི་ཊར་༤༨༢༨ ལས་མང་བར་སྙོབ་ཐུབ་ཀྱི་ཡོད་འདུག

ཕྱི་ལོ་༢༠༡༢ ལོར་རྒྱ་གར་གྱིས་མེ་ཤུགས་འཕུར་མདའ་དེ་ཚོད་ལྟ་བྱས་སྐབས། རྒྱང་ཐག་ཀི་ལོ་མི་ཊར་༥༠༠༠ ཙམ་སྙོབ་ཐུབ་པའི་ནུས་པ་ཡོད་སྐོར་བརྗོད་སྐབས། རྒྱ་ནག་གི་དམག་དོན་ཉམས་ཞིབ་པ་ཞིག་གིས། རྒྱ་གར་གྱིས་མེ་ཤུགས་འཕུར་མདའ་དེའི་སྙོབ་ཚད་ནི་ཀི་ལོ་མི་ཊར་༨༠༠༠ ཙམ་ཡིན་པ་དང་། དེའི་སྙོབ་ཚད་ལ་རྫུན་མ་བརྗོད་དོན་ནི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་སེམས་འཚབ་མི་སློང་བའི་ཆེད་ཡིན་སྐོར་བརྗོད་ཡོད་འདུག

རྒྱ་གར་གྱི་རང་དབང་ཅན་གྱི་བདེ་སྲུང་དཔྱད་བརྗོད་པ་གྷོ་ཀིལ་ཡིས། མེ་ཤུགས་འཕུར་མདའི་ཚོད་ལྟ་དེར་རྒྱ་ནག་གི་ས་ཁུལ་ཕལ་ཆེ་བར་སྙོབ་ཐུབ་པའི་ནུས་པ་ཐོན་ཡོད་པས། གལ་ཏེ་ཕྱོགས་གཉིས་བར་དམག་འཁྲུག་གི་གནས་སྟངས་འབྱུང་ཚེ། རྒྱ་གར་ལ་རྒྱ་ནག་གིས་དྲག་རྒོལ་འགོག་པའི་ནུས་པ་ཡོད་པ་དང་། རྒྱ་ནག་གིས་དྲག་རྒོལ་མ་བྱས་སྔོན་ནས་ཐེངས་མང་པོ་བསམ་བློ་གཏོང་དགོས་པ་ཆགས་རྒྱུ་ཡིན་སྐོར་བརྗོད་འདུག

རྒྱལ་སྤྱིའི་རྡུལ་མཚོན་རྩ་མེད་ལྷན་ཚོགས་ཀྱི་སྙན་ཐོ་ལ་གཞིགས་ན། རྒྱ་གར་ལ་རྡུལ་མཚོན་༡༡༠ ནས་༡༢༠ བར་ཡོད་འདུག་པ་དང་། རྒྱ་ནག་ལ་༢༧༠། ཨ་རི་ལ་༦༨༠༠། ཨུ་རུ་སུར་༧༠༠༠། དབྱིན་ཡུལ་ལ་༢༡༥། ཧྥ་རན་སིར་༣༠༠། པ་ཀི་སེ་ཐན་ལ་༡༢༠ ནས་༡༣༠། ཨཱི་ཛེ་རིལ་ལ་༨༠། བྱང་ཀོ་རི་ཡར་རྡུལ་མཚོན་༡༠ ལས་ཉུང་བ་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།