རྒྱ་ནག་གཞུང་གིས་བཙོན་ཁང་དུ་གོ་འཇོ་ཆོས་རྒྱལ་དགོན་གྱི་དགོན་བདག་དཔལ་ལྡན་དབང་རྒྱལ་མཆོག་སྐུ་བཀྲོངས་འདུག

 ཕྱི་ཟླ་༩ ཚེས་༣ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༥ ལོར་རྒྱ་ནག་གཞུང་གིས་སྤྲུལ་སྐུ་དཔལ་ལྡན་དབང་རྒྱལ་མཆོག་ཀན་སུའུ་ཞིང་ཆེན་ལ་བཙན་ཁྲིད་བྱས་ནས་མནར་གཅོད་ཚད་མེད་བཏང་རྗེས། ཟླ་༧ ཚེས་༡༩ ཉིན་ཁོང་བཙོན་ཁང་དུ་སྐུ་བཀྲོངས་ཡོད་པ་དང། འབྲེལ་ཡོད་དགོན་སྡེ་ཚང་མར་ཧ་ཅང་སེམས་ངལ་ཆེན་པོ་བཟོས་འདུག བོད་ནང་དུ་ཆོས་དད་རང་དབང་མེད་པ་དང་། འགྲོ་འདུག་དང་སྨྲ་བརྗོད་རང་དབང་མེད་ཅིང་། རྒྱ་གཞུང་ནས་དམ་དྲག་གིས་རྟག་ཏུ་སུན་གཙེར་སྣ་ཚོགས་བཟོ་བཞིན་ཡོད་འདུག

པར། བོད་མིའི་སྒྲིག་འཛུགས།

སྤྲུལ་སྐུ་དཔལ་ལྡན་དབང་རྒྱལ་མཆོག་ནི་ཁམས་གོ་འཇོ་པ་ལ་ཆུས་ཟེར་བའི་ཁོངས་སུ་འབོ་སྟོད་གྲོང་དང་། སྒར་འདབ་གྲོང་། ཉག་ལེ་གྲོང་། གཞུང་སྐོར་གྲོང་བཅས་ཀྱི་ཆོས་རྒྱལ་དགོན་པའི་དགོན་བདག་དང་། ཡོངས་གྲགས་སུ་ཁོང་ལ་ཆོས་རྒྱལ་སྤྲུལ་དང་སྐུ་མཚན་དངོས་དཔལ་ལྡན་དབང་རྒྱལ་ཞུས་ཀྱི་ཡོད་འདུག

ཁོང་དགུང་ལོ་ལྔ་བཅུ་ང་གསུམ་ཙམ་ལ་ཕེབས་འདུག ཁོང་གིས་ཁམས་གོ་འཇོ་ཕྱོགས་སུ་རིག་གནས་སྲུང་སྐྱོབ་དང་། མི་རིགས་ལ་ལ་ཞེན་དགོས་པའི་མི་མང་ལ་སྐུལ་མ་གནང་བ་དང་། དུས་རྒྱུན་དུ་སྤྲུལ་སྐུ་ནས་བོད་མི་རིགས་ལ་ཕན་ཐོགས་པའི་བྱ་བ་བསྒྲུབ་དགོས་པ་དང་། བོད་རིགས་ནང་ཁུལ་ལ་འཁྲུག་འཛིང་སོགས་བྱ་རྒྱུ་མེད་པའི་བསླབ་བྱ་གནང་གི་ཡོད་འདུག

མི་མང་གིས་སྤྲུལ་སྐུ་ལ་བརྩི་བཀུར་ཆེན་པོ་ཡོད་པས། རྒྱ་གཞུང་གིས་སྤྲུལ་སྐུའི་གནང་ཕྱོགས་དེ་དག་ལ་ཁ་གཡར་ནས་བཙན་ཁྲིད་ཀྱིས་ལོ་ངོ་བདུན་བརྒྱད་ཙམ་ཕྱིན་ཡོད་འདུག དང་པོ་གོ་འཇོ་རྫོང་གི་བཙོན་ཁང་དུ་བཙོན་འཇུག་བྱས་ཤིང་། རྗེས་སུ་ཆབ་མདོ་དང་ལྷ་སའི་ཕྱོགས་སུ་བཙན་ཁྲིད་བྱས་ཏེ་བཙོན་ཁང་རིམ་པར་ཇེ་སྡུག་ནང་བཙོན་འཇུག་གིས་མནར་གཅོད་ཚད་མེད་བཏང་བ་དང་། འབྲེལ་ཡོད་ནས་གོ་རིམ་ལ་ཞུ་གཏུག་གིས་བཙོན་གྲོལ་ཡོང་ཐབས་བྱས་ཀྱང་། རྒྱ་ནག་གཞུང་ནས་ངོས་ལེན་མེད་པ་མ་ཟད། ཐུག་འཕྲད་ཀྱང་བྱ་མི་ཆོག་པའི་བཙན་བཀའ་བཏང་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།