རྒྱ་ནག་གཞུང་གིས་རྫ་དབོན་པོ་རུ་༧གོང་ས་མཆོག་གི་སྐུ་པར་ཉར་བ་དང་མེ་མདའ་ཉར་བ་གཉིས་ནག་ཉེས་གཅིག་མཚུངས་ཡིན་ཚུལ་བཤད་ཡོད་འདུག

རྒྱ་ནག་གི་དམག་མིས་རྫ་དབོན་པོ་རུ་ཁྱིམ་ཚང་རྣམས་སྔོག་བཤེར་བྱས་ཏེ་༧གོང་ས་མཆོག་གི་སྐུ་པར་བཙན་འཕྲོག་བྱེད་བཞིན་པ་མ་ཟད་དང་། “ཏཱ་ལའི་པར་བཤམས་པ་དང་སྦས་པ་ཡིན་ན།” མེ་མདའ་ཉར་བའི་ནག་ཉེས་དང་གཅིག་མཚུངས་ཡིན་ཞེས་བཤད་དེ་ས་གནས་མི་མང་རྣམས་ལ་ཚད་ལས་འདས་པའི་དྲག་གནོན་དང་འཇིགས་བྱེད་མུས་ཡོད་འདུག

ད་ལོའི་ཕྱི་ཟླ་ ༡ ཚེས་ ༡༩ ཉིན་རྫ་དབོན་པོ་དགོན་གྱི་དགེ་འདུན་པ་བསྟན་འཛིན་ཉི་མ་ལགས་བཙོན་ཁང་གི་མནར་གཅོད་ལ་བརྟེན་ནས་སྐུ་གྲོངས་རྗེས། རྒྱ་ནག་གཞུང་གིས་རྫ་དབོན་པོ་རུ་ཁྱིམ་ཚང་“སྔོག་བཤེར་”དང་། ཡུལ་མི་འཛིན་བཟུང་བཀག་ཉར་བྱས་ཏེ་ས་གནས་མི་མང་ལ་མཐའ་གཅིག་ཏུ་དྲག་གནོན་བྱེད་པའི་ལས་འགུལ་ཞིག་གི་འགོ་བརྩམས་ཡོད་འདུག  དགུང་ལོ་ ༡༩ ལས་མ་སོན་བའི་བསྟན་འཛིན་ཉི་མ་ལགས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ནང་དགེ་འདུན་པ་གཞན་གསུམ་དང་ལྷན་དུ་བོད་རང་བཙན་གྱི་སྦྱར་ཡིག་འགྲེམས་སྤེལ་བྱས་སྟབས། རྒྱ་ནག་གི་ཉེན་རྟོག་པས་ཁོང་ཐེངས་གཉིས་ལ་འཛིན་བཟུང་བཀག་ཉར་བྱས་ནས་རྡུང་རྡེག་མནར་གཅོད་ཚད་མེད་བཏང་བའི་རྐྱེན་གྱིས་སྐུ་གྲོངས་ཡོད།

གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་གའི་གསར་ཁང་ལ་སྤྲད་པའི་གནས་ཚུལ་ལྟར་ན། རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཉི་མ་ལགས་མནར་གཅོད་འོག་ནས་སྐུ་གཤེགས་པར། དབོན་པོའི་སེར་སྐྱ་མང་པོས་སྐད་འཕྲིན་རྒྱབ་ཏུ་རྩོམ་ཡིག་སྤེལ་ནས་མྱ་ངན་ཞུས་འདུག་པ་དང་། དེ་ནས་ཉིན་ཤས་རྗེས་སུ་རྒྱ་དམག་ཁག་ཅིག་དབོན་པོ་རུ་འབྱོར་ནས་ཡུལ་མི་འགའ་ཉིན་གྲངས་མང་པོར་བཀག་ཉར་དང་འདྲི་རྩད་བཅད་པའི་ཐོག ཕྱི་ཟླ་ ༣ ཚེས་ ༦ ཡས་མས་ནས་སླར་ཡང་དམག་མི་འབོར་ཆེན་འབྱོར་ཏེ་ཁྱིམ་ཚང་མང་པོར་སྔོག་བཤེར་གྱིས་༧གོང་ས་མཆོག་གི་སྐུ་པར་བཙན་འཕྲོག་བྱས་པ་མ་ཟད། དེ་ནས་བཟུང་ཉིན་ལྟར་རྫ་སྨད་གྲོང་རྡལ་གྱི་སྲང་ལམ་དུ་རྒྱ་མིའི་དར་དམར་ཆེན་པོ་ཞིག་ཕྱར་ནས་སྐད་ཅོར་རྒྱག་བཞིན་དམག་སྦྱོང་བྱས་ཏེ་ས་གནས་མི་མང་གི་འགྲོ་འདུག་ལ་སུན་བཙིར་དང་འཇིགས་སྣང་སྐུལ་གྱིན་ཡོད་འདུག 

གནས་ཚུལ་མཁོ་སྤྲོད་པ་དེས་“བོད་ནང་གི་ཁོངས་(ཁུངས་)ལྡན་གནས་ཚུལ་གྱི་གསང་འཕྲིན་ཟིན་བྲིས་”ཞེས་པ་ཞིག་འདི་གའི་གསར་ཁང་དུ་སྤྲད་པའི་ནང་དུ་འཁོད་པ་དང་ལྟར་ན། ཕྱི་ཟླ་ ༣ ཚེས་ ༡༧ ཉིན་མི་མང་རྣམས་རྫ་སྨད་གྲོང་རྡལ་ལ་འཛོགས་སུ་བཅུགས་ནས་བཙན་གྱིས་དོན་ཚན་ལྔ་ལྡན་པའི་ཁས་ལེན་ཡི་གེ་ཞིག་ལ་མཚན་རྟགས་འགོད་དུ་བཅུགས་འདུག་པ་དང་། དེར་འཛོམས་པའི་མི་མང་ལ་“དེང་ཕྱིན་ཆད་ཏཱ་ལའི་བླ་མའི་པར་ཁྱེད་རང་ཚོའི་ཁྱིམ་ལ་རྩ་བ་ནས་བཤམས་མི་ཆོག་ལ། ཁྱིམ་དུ་ཉར་ཡང་མི་ཆོག སུའི་ཁྱིམ་དུ་ཏཱ་ལའི་པར་སྦས་ཡོད་ན་དེ་ལ་ཁྲིམས་ཀྱི་ཆད་པ་ཡོད། ལྷག་པར་དུ་རྒྱལ་ཁབ་ཀྱི་རོགས་སྐྱོར་ཡོད་པའི་ཉམ་ཐག་ཚོའི་ཁྱིམ་ནས་ཏཱ་ལའི་པར་བཤམས་པ་དང་སྦས་པ་མཐོང་བ་ཡིན་ན། ཁྱིམ་ཚང་དེ་ཉིད་རོགས་སྐྱོར་[གྱི་]ཁོངས་ནས་ཕྱིར་ཕུད་དེ། སྔར་རྒྱལ་ཁབ་ཀྱིས་སྤྲད་པའི་རོགས་སྐྱོར་ཚང་མ་ཕྱིར་སྤྲོད་དགོས། མདོར་ན། རྒྱལ་ཁབ་ཀྱིས་མེ་མདའ་ཉར་མཁན་ལ་ཁྲིམས་ཆད་ཕོག་གི་ཡོད་པ་ཚང་མས་ཤེས་གསལ་རེད། ཏཱ་ལའི་པར་བཤམས་པ་དང་སྦས་པ་ཡིན་ན་དེ་དང་ནག་ཉེས་གཅིག་མཚུངས་ཀྱིས་ཁྲིམས་ཆད་གཅོད་ཀི་ཡིན། དེ་རིང་ཚང་མས་དེ་ལྟར་ཁས་ལེན་བྱེད་པའི་ཡིག་ཆ་ལ་ས་རྟགས་རྒྱག་དགོས་”ཞེས་བཙན་བཀའ་བཏང་ཡོད་འདུག 

དོན་ཚན་ལྔ་ཅན་གྱི་ཁས་ལེན་ཡི་གེ །

དེ་མིན་ད་དུང་། ཉིན་ཤས་སྔོན་དུ་རྒྱ་ནག་གི་དམག་མི་ཚོས་རྔན་པ་ཏོག་ཙམ་རེ་ཁྱེར་ནས་རྒན་གསོ་ཁང་ཞིག་ལ་ཕྱིན་ནས་ང་ཚོ་གུང་ཕྲན་ཏང་གི་དམག་མི་ཡིན། ང་ཚོས་ཁྱེད་ཚོར་གཅར་རྡུང་བྱེད་ཀྱི་མ་རེད། ཁྱེད་ཚོར་རོགས་བྱེད་དུ་ཡོང་བ་ཡིན། ཏཱ་ལའི་པར་ཉར་ཡོད་ན་ང་ཚོར་སྤྲོད་ཤོག་དང་། ང་ཚོས་ནག་ཉེ་བརྩི་གི་མ་རེད། ཁྱེད་རང་ཚོས་གནད་དོན་མ་ཤེས་པར་བརྩི་གི་ཡིན་ཞེས་སྐད་ཆ་འཇམ་པོ་མང་པོ་བཤད་རྗེས།  ཁོ་ཚོ་རྒན་འཁོགས་ཚོའི་གྱོན་ཆས་རྣམས་གཙང་བཟོ་བྱེད་དུ་ཡོང་བ་ཡིན་ཚུལ་ལབས་ནས་བགྲེས་ཚོའི་འདོད་མོས་ཡོད་མེད་ལ་བལྟོས་པར་ཨུ་ཚུགས་ཀྱིས་ནང་ཡོངས་ལ་སྔོག་བཤེར་བྱས་ཏེ་༧གོང་ས་མཆོག་གི་སྐུ་པར་བཙན་འཕྲོག་དང་རྒྱ་ནག་གི་དཔོན་པོ་ཚོའི་འདྲ་པར་བཤམ་དུ་བཅུགས་ཡོད་འདུག 

དེང་སྐབས་རྒྱ་ནག་གཞུང་གིས་ནང་དུ་དྲག་གནོན་ཚད་མེད་བྱེད་བཞིན་པའི་གནས་ཚུལ་ཕྱི་ལ་མ་ཤོར་བ་དང་། ཕྱིའི་གསར་འགྱུར་ནང་དུ་མི་གཏོང་བར་སྟངས་འཛིན་ཤིན་ཏུ་ནན་པོ་བྱེད་ཀྱི་ཡོད། དེ་རིང་(ཨ་རིའི་ཚེས་ ༧ ཡིན།)ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་སྲུང་ཁང་(Human Rights Wach)ནས་རྫ་དབོན་པོའི་དྲག་གནོན་འདིའི་སྐོར་གྱི་གནས་ཚུལ་ཞིག་སྤེལ་བའི་ནང་། བོད་ནང་གི་གནས་སྟངས་དང་འབྲེལ་བའི་གནས་ཚུལ་རྣམས་ཕྱི་ལ་གཏོང་མཁན་ཚོར་ཉེན་ཁ་ཚབས་ཆེན་འཕྲད་ཀྱི་ཡོད་པ་དང་། མ་འོངས་པར་“ཉེན་རྟོག་པ་ཚོས་རྒན་འགོགས་རྣམས་ལ་རོགས་པ་བྱེད་བཞིན་པའི་འདྲ་པར་འགའ་ལས། རྫ་དབོན་པོ་ནས་གནས་ཚུལ་རག་རྒྱུ་ཁག་པོ་ཆགས་པའི་ཉེན་ཁ་ཡོད་”ཅེས་བརྗོད་འདུག །  

གསར་འགོད་པ་དཀོན་མཆོག་རབ་བརྟན།