རྒྱ་ནག་གི་དཔལ་འབྱོར་ཉམས་པའི་རྐྱེན་གྱིས་གྲོང་ཁྱེར་མང་པོ་མི་མེད་ལུང་སྟོང་དུ་འགྱུར་བཞིན་པ།
འདས་པའི་མི་ལོ་བཅུ་ཕྲག་གསུམ་ཙམ་གྱི་རིང་རྒྱ་ནག་གི་དཔལ་འབྱོར་ཧ་ཅང་གིས་ཡར་རྒྱས་མགྱོགས་པོར་ཕྱིན་ཡོད་པར་བརྟེན། རྒྱ་ནག་རྒྱལ་སྤྱིའི་ནང་དཔལ་འབྱོར་ཆེ་ཤོས་ཨང་གཉིས་པར་གྱུར་ཡོད་ཀྱང་། དེ་སྔོན་ཏོག་དབྱིབས་ནད་ཡམས་དང་། ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་རྩོད་རྙོག་སོགས་ཀྱི་རྒྱུ་རྐྱེན་དུ་མའི་དབང་གིས་ད་ཆར་རྒྱ་ནག་གི་དཔལ་འབྱོར་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་ནས་བཟོ་གྲྭ་ཕོན་ཆེན་ཡོད་པའི་གྲོང་ཁྱེར་དུ་མའི་ནང་ད་ཆར་བཟོ་གྲྭ་མང་པོ་སྒོ་བརྒྱབས་པར་བརྟེན། གྲོང་ཁྱེར་དེ་དག་མི་མེད་ལུང་སྟོང་དུ་འགྱུར་བཞིན་ཡོད་འདུག

ཕྱི་ཚེས་༧ ཉིན་སྦི་སྦི་སི་གསར་ཁང་གིས་གསར་འགྱུར་སྤེལ་གསལ་ལྟར་ན། རྒྱ་ནག་གི་ཤར་ཕྱོགས་ཧྲན་ཏུང་ཞིང་ཆེན་ནང་ཡོད་པའི་གྲོང་ཁྱེར་ཛིར་པི་ཟེར་བ་ཞིག་གི་ནང་མི་མང་པོ་འཛོམས་ནས་ཤ་མེར་བསྲེག་བཏང་ནས་ཟ་བཞིན་པའི་བརྙན་པར་ཞིག་སྤྱི་ཚོགས་དྲ་ལམ་ཐོག་ཁྱབ་ཡོད་པ་དང་། བརྙན་པར་དེ་ནས་རྒྱ་ནག་གི་དཔལ་འབྱོར་བསྐྱར་གསོ་ཐུབ་བཞིན་ཡོད་པར་འགྲེལ་བརྗོད་བྱེད་བཞིན་ཡོད་ཀྱང་། དོན་དངོས་ཐོག་རྒྱ་ནག་གི་དཔལ་འབྱོར་བསྐྱར་གསོ་མ་ཐུབ་ནས་མི་མང་རྣམས་ཁྲོམ་རྭའི་ནང་ཅ་དངོས་རིན་གོང་ཆུང་ཆུང་ཉོ་བ་དང་། ཟ་ཁང་ཟས་རིན་ཆུང་སར་འགྲོ་བཞིན་ཡོད་པ་རེད་ཅེས་མི་མང་གི་ཁྲོད་ནས་སྐྱེས་པ་ཞིག་གིས་བརྗོད་འདུག མ་ཟད་ཁོང་གིས་ད་དུང་དེང་སང་དངུལ་བཟོ་རྒྱུ་ཧ་ཅང་གིས་ཁག་པོ་འདུག་ལ། དངུལ་འགྲོ་སོང་ཆེན་པོ་རེད། ལོ་ངོ་གསུམ་གྱི་རིང་རྒྱ་ནག་ཁྱོན་ཡོངས་སུ་དཔལ་འབྱོར་གྱི་གནས་སྟངས་སྐྱོ་བོར་གྱུར་ཡོད་པས། ད་ཆར་བསྐྱར་གསོ་ཡོང་རྒྱུར་ཁག་པོ་འདུག་ཅེས་བརྗོད་འདུག འདི་ལོ་རྒྱ་ནག་ནང་མཐོ་སློབ་ཐོན་མཁན་གྱི་སློབ་མ་རྣམས་ལ་ལས་ཀ་མ་རག་ནས་དཀའ་ངལ་ཆེན་པོ་འཕྲད་བཞིན་འདུག་པ་དང་། ལོ་འདིར་རྒྱ་ནག་ནང་ལས་མེད་ཀྱི་གྲངས་ཀ་ནི་བརྒྱ་ཆ་༢༠ ཟིན་ཡོད་འདུག

མི་མང་ཁྲོད་ནས་མཐོ་སློབ་ཐོན་ཟིན་པའི་བུ་མོ་ཞིག་གིས་བརྗོད་དོན་ལ། ང་མ་འོངས་པར་ལས་ཀ་རག་མིན་ཐད་ཧ་ཅང་གིས་སེམས་ཁྲལ་འདུག དེང་སང་ལས་ཀ་རག་རྒྱུ་ཁག་པོ་ཡོད་པ་དང་། འགྲན་བསྡུར་ཡང་ཆེན་པོ་རེད། ངའི་འཛིན་གྲོགས་ཚང་མ་ལས་ཀ་རག་མིན་གྱི་གནོན་ཤུགས་ཆེན་པོ་འདུག་ཅེས་བརྗོད་འདུག
དེ་བཞིན་རྒྱ་ནག་གི་ཆིན་ཏོ་(Qingdao)་གྲོང་ཁྱེར་ནང་ཁང་པ་ཐོག་བརྩེགས་རིང་པོ་ཅན་མང་པོ་ཡོད་ཀྱང་། ཁང་པའི་ཁང་གླ་སྤྲོད་མ་ཐུབ་ནས་མི་མང་གནས་སྤོས་པ་དང། མི་མང་ལ་ཚོང་དང་ལས་ཀ་མེད་པའི་རྐྱེན་གྱིས་ཁང་པ་ཉོ་མཁན་མེད་ནས་ཁང་པ་གསར་པ་ཡིན་ཡང་ཁང་སྟོང་དུ་ལུས་པའི་ཁང་པ་མང་པོ་ཡོད་པ་དང་། དེ་བཞིན་ཁང་པ་གསར་རྒྱག་བྱེད་བཞིན་པ་རྣམས་མཚམས་འཇོག་བྱེད་དགོས་བྱུང་ཡོད་འདུག དེ་དག་གི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གཞུང་གི་དཔལ་འབྱོར་སྲིད་བྱུས་ཀྱིས་རྐྱེན་པས་ཕྱི་ཕྱོགས་ནས་དཔལ་འབྱོར་མ་རྩ་འཛུགས་མཁན་མེད་པ་དང། ཡོད་པ་རྣམས་ཕྱི་ཕྱོགས་ཀྱི་ས་ཆ་གཞན་ལ་གནས་སྤོས་ཕྱིན་པར་བརྟེན། རྒྱ་ནག་རྒྱལ་ཡོངས་ཀྱི་ཞིང་ཆེན་མང་པོའི་ནང་དཔལ་འབྱོར་བསྐྱར་གསོ་མ་ཐུབ་ནས་དཀའ་ངལ་འཕྲད་བཞིན་ཡོད་འདུག དཔལ་འབྱོར་རིག་པའི་ཁྱད་ལས་པ་(Harry Musphy Cruise) ཡིས་བརྗོད་དོན་ལ་ད་ཆར་རྒྱ་ནག་གི་དཔལ་འབྱོར་གྱི་གནས་བབ་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང་། ལོ་ངོ་བཅུ་ཕྲག་འགའི་རིང་ལ་རྒྱ་ནག་གིས་འཛུགས་སྐྲུན་ཐོག་མ་རྩ་ཆེན་པོ་བཙུགས་ཡོད་ཀྱང་། ད་ཆར་འཛུགས་སྐྲུན་ལས་ཀ་ལ་མུ་མཐུད་ནས་མཇུག་སྐྱོང་མི་ཐུབ་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པར་བརྗོད་འདུག

དེ་བཞིན་ད་ཆར་རྒྱ་ནག་གིས་དངོས་ཟོག་བཟོ་སྐྲུན་བྱེད་རྒྱུ་ཉུང་དུ་ཕྱིན་ཡོད་པ་དང། རྒྱལ་སྤྱིའི་ཐོག་ནས་དངོས་ཟོག་ཉོ་མཁན་ཡང་ཉུང་དུ་ཕྱིན་པས། དེའི་མཇུག་འབྲས་ལ་རྒྱལ་སྤྱིའི་ཁྲོམ་རྭའི་ནང་རྒྱ་ནག་གི་དངོས་ཟོག་ཉུང་དུ་ཕྱིན་ཡོད་པ་རེད་ཅེས་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།