རྒྱ་ནག་གི་མི་འབོར་འཕེལ་རྒྱས་ཆེད་ཐབས་ལམ་སྣ་ཚོགས་སྤྱོད་ཀྱང་ད་དུང་ཉུང་དུ་འགྲོ་བཞིན་ཡོད་འདུག

རྒྱ་ནག་ནང་མི་འབོར་ཉུང་དུ་འགྲོ་བཞིན་ཡོད་པའི་དཀའ་ངལ་ལ་བརྟེན་ནས། ད་ཆར་རྒྱ་གཞུང་གིས་ཐབས་ལམ་སྣ་ཚོགས་བེད་སྤྱོད་བྱེད་ཀྱི་ཡོད་ཀྱང་། ད་དུང་མུ་མཐུད་ཉུང་དུ་འགྲོ་བཞིན་ཡོད་པས། ད་ཆར་སྐྱེ་སྒོ་འགོག་ཆེད་ཀྱི་སྨན་དང་སྲུང་ཤུབས་རིགས་འཚོང་བ་ཉུང་དུ་གཏོང་ཆེད་ཁྲལ་ཆེ་རུ་བཏང་ཡོད་འདུག

ཕྱི་ལོ་༢༠༢༦ ཟླ་བ་༡ ཚེས་༡ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་དོན་ལ། རྒྱ་ནག་གཞུང་གིས་འདི་ལོ་ཟླ་བ་༡ ཚེས་༡ ཉིན་ནས་བཟུང་རྒྱ་ནག་གི་མི་འབོར་འཕེལ་རྒྱས་ཡོང་ཐབས་སུ་དུས་རྒྱུན་སྐྱེ་སྒོ་འགོག་ཐབས་ཆེད་བེད་སྤྱོད་བྱེད་བཞིན་པའི་སྨན་གྱི་རིགས་དང་སྲུང་ཤུབས་སོགས་ཀྱི་དངོས་ཟོག་ཐོག་ཏུ་ཁྲལ་བརྒྱ་ཆ་༡༣ འགེལ་རྒྱུ་གསལ་བསྒྲགས་བྱས་འདུག རྒྱ་ནག་ནི་འཛམ་གླིང་ནང་དཔལ་འབྱོར་ཆེ་ཤོས་གཉིས་པ་ཡིན་ཡང་། ད་ཆར་མི་འབོར་འཕེལ་རྒྱས་མི་ཡོང་བའི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་འདུག ལོ་སྔོན་མ་ནས་རྒྱ་ནག་ནང་མི་འབོར་འཕེལ་རྒྱས་མི་ཡོང་བའི་དཀའ་ངལ་ལ་བརྟེན་ནས་ཕྱི་ལོ་༡༩༩༤ ནས་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་མང་པོ་ཞིག་མེད་པ་བཟོས་ཡོད་འདུག་ཅིང་། སྲིད་བྱུས་དེ་དག་ནི་རྒྱ་ནག་ནང་བྱིས་པ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་བྱུས་དེ་དང་། གཞན་བྱིས་པ་གཅིག་ལས་མེད་པའི་ཁྱིམ་ཚང་ཚོར་ཐོབ་ཐང་སྤྲོད་རྒྱུ་སོགས་ཀྱི་སྲིད་བྱུས་དག་ཡིན་འདུག
དེ་བཞིན་སྲིད་བྱུས་གསར་པ་མང་པོ་ཞིག་བཟོས་ཡོད་པ་དང། སྲིད་བྱུས་དེ་དག་གི་ཁོངས་ནས་གཉེན་སྒྲིག་དང་འབྲེལ་བའི་སྲིད་བྱུས། ཕ་མ་གཉིས་ལ་བྱིས་པ་སྐྱེ་དུས་དགོངས་སེང་སྤྲོད་ཕྱོགས་སོགས་ཀྱི་སྲིད་བྱུས་མང་པོ་ཞིག་ལ་འགྱུར་བ་བཏང་ཡོད་འདུག
རྒྱ་ནག་གི་མི་འབོར་ཁྱོན་ཡོངས་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་ཡོད་འདུག་ཅིང་། ལོ་ན་རྒན་པའི་མི་འབོར་དེ་མང་དུ་ཕྱིན། གཉེན་སྒྲིག་བྱེད་མཁན་གཞོན་སྐྱེས་ཉུང་དུ་འགྲོ་བཞིན་ཡོད་པ། དེ་ལ་བརྟེན་ནས་གསར་དུ་སྐྱེས་པའི་བྱིས་པའི་གྲངས་འབོར་ཧ་ཅང་ཉུང་དུ་ཕྱིན་ཡོད་པ་བརྗོད་འདུག འདས་པའི་ཕྱི་ལོ་༢༠༢༤ ནང་བྱིས་པ་སྐྱེས་གྲངས་དེ་ས་ཡ་༩.༥༤ ལས་མེད་པ་དང་། དེ་ནི་འདས་པའི་ལོ་བཅུ་ནང་གི་བྱིས་པ་སྐྱེ་གྲངས་ཕྱེད་ཀ་ལས་མེད་པ་བརྗོད་འདུག རྒྱ་ནག་ནི་འཛམ་གླིང་ནང་བྱིས་པ་གསོ་སྐྱོང་གི་འགྲོ་སོང་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་པེ་ཅིན་དུ་ཡོད་པའི་མི་འབོར་ཞིབ་འཇུག་ལྟེ་གནས་ཁང་ (the YuWa Population Research Institute) ནས་བརྗོད་འདུག རྒྱ་ནག་ནང་བྱིས་པ་ཞིག་གསོ་སྐྱོང་བྱེད་ཆེད་སློབ་གྲྭའི་སློབ་ཡོན་དང་། མཐོ་སློབ་སོགས་ཀྱི་འགྲོ་སོང་ཧ་ཅང་ཆེན་པོ་ཡིན་པ་བརྗོད་འདུག
དེ་བཞིན་རྒྱ་ནག་ནང་ད་ཆར་དཔལ་འབྱོར་ཐད་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པས། གཞོན་སྐྱེས་ཚོས་མ་འོངས་པའི་མདུན་ལམ་དེ་ཚོད་དཔག་དཀའ་བའི་གནས་སྟངས་ཤིག་ཡིན་དུས། གཉེན་སྒྲིག་བྱེད་པ་ལས་མ་བྱས་ན་བཟང་བར་མཐོང་མཁན་མང་དུ་འགྲོ་བཞིན་ཡོད་པ་བརྗོད་འདུག
རྒྱ་ནག་གཞུང་གིས་མི་མང་ཁྲོད་གཉེན་སྒྲིག་བྱེད་མཁན་ཚོར་རོགས་རམ་དང་། བྱིས་པ་གཅིག་ལས་མང་བ་སྐྱེས་ཚེ་རྒྱ་སྒོར་སྤྲོད་པ་སོགས་ཀྱི་ཐོབ་ཐང་མང་པོ་ཞིག་གསལ་བསྒྲགས་བྱེད་ཀྱི་ཡོད་ཀྱང་། ནུས་པ་དེ་ཙམ་ཐོན་གྱི་མེད་པའི་སྐོར་བརྗོད་འདུག
རྒྱ་ནག་གི་བུད་མེད་ཁྲོད་གླེང་སློང་བྱེད་དོན་ལ། རྒྱལ་ཁབ་ཅིག་གི་འགོ་ཁྲིད་ཚོ་སྐྱེས་པ་ཤ་སྟག་ཡིན་པའི་གནས་སྟངས་འོག་བུད་མེད་ཀྱི་བདེ་སྐྱིད་རྟོགས་རྒྱུ་ཁག་པོ་རེད་ལ། བུད་མེད་ཀྱི་བདེ་སྡུག་མི་རྟོགས་ཚེ་མི་འབོར་འཕེལ་རྒྱས་བསྐྱར་གསོ་བྱེད་ཐུབ་རྒྱུ་ཁག་པོ་རེད་ཅེས་བརྗོད་མཁན་ཡོད་འདུག གནད་དོན་དེ་ནི་རྒྱ་ནག་གཅིག་པུ་མིན་པར་ལྷོ་ཀོ་རི་ཡ་དང་ཉི་ཧོང་ནང་དུ་ཡང་འབྱུང་བཞིན་ཡོད་འདུག རྒྱ་ནག་གི་གཞོན་སྐྱེས་ཚོས་ད་ལྟའི་རྒྱ་ནག་གི་སྤྱི་ཚོགས་ཁྲོད་ཕྱིའི་དངོས་པོའི་མཐུན་རྐྱེན་ལོ་༢༠ སྔོན་དང་བསྡུར་ན་ཡར་རྒྱས་ཕྱིན་ཡོད་ཀྱང་། ནང་སེམས་ཀྱི་གནོན་ཤུགས་ནི་ལོ་༢༠ སྔོན་གྱི་སྐབས་ལས་མང་དུ་ཕྱིན་པ་བརྗོད་ཀྱི་ཡོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།