རྒྱ་ནག་གིས་བསྐྱར་དུ་རྒྱ་གར་རྡུལ་ཕྲན་མཁོ་སྤྲོད་ལྷན་ཚོགས་ནང་བཀག་འགོག
རྒྱ་ནག་གིས་རྒྱ་གར་རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆའི་ལྷན་ཚོགས་ཀྱི་ཚོགས་མིར་ཞུགས་འདོད་ཀྱི་དམིགས་ཡུལ་བཀག་འགོག་བྱས་ཡོད་འདུག
ཟླ་འདིའི་ཚེས་༢༢ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༦ པའི་ནང་རྡུལ་ཕྲན་མཁོ་སྤྲོད་ལྷན་ཚོགས་ཀྱི་ཚོགས་འདུ་ཚོགས་ལ་ཉེ་བའི་སྐབས། ཟླ་འདིའི་ཚེས་༢༢ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས། རྒྱ་ནག་གིས་དེ་སྔོན་ནས་རྡུལ་ཕྲན་མཚོན་ཆ་འཕེལ་བསྐྱེད་བཀག་འགོག་གི་གྲོས་དོན་ལ་མིང་རྟགས་བཀོད་མེད་མཁན་གྱི་རྒྱལ་ཁབ་ཚོ། རྡུལ་ཕྲན་མཁོ་སྤྲོད་ལྷན་ཚོགས་ཀྱི་ཚོགས་མིར་ཞུགས་མི་ཆོག་པའི་ལངས་ཕྱོགས་དེ་མུ་མཐུད་འཛིན་གྱི་ཡོད་སྐོར་བརྗོད་ཡོད་འདུག
རྒྱ་གར་གྱིས་ཕྱི་ལོ་༢༠༡༦ ལོའི་ཟླ་༥ པའི་ནང་རྒྱ་གར་གྱིས་རྡུལ་ཕྲན་མཁོ་སྤྲོད་ལྷན་ཚོགས་ཀྱི་ཚོགས་མིར་ཞུགས་ཆེད་དུ། སྙན་ཞུ་བརྒྱབ་ཡོད་འདུག་ཀྱང་། རྒྱ་ནག་གིས་དགག་པ་བྱས་པས། ཚོགས་མིར་ཞུགས་ཐུབ་མེད་པ་རེད་འདུག
དེ་ཡང་ཕྱི་ལོ་༡༩༦༨ ལོར་རྡུལ་ཕྲན་མཚོན་ཆ་ཡོད་པའི་རྒྱལ་ཁབ་ཨ་རི་དང་ཨུ་རུ་སུ། དབྱིན་ཡུལ། ཧྥ་རན་སི། རྒྱ་ནག་བཅས་ཀྱིས། འཛམ་གླིང་ནང་རྡུལ་ཕྲན་མཚོན་ཆ་འཕེལ་བསྐྱེད་བཀག་འགོག་དང་རྡུལ་ཕྲན་གྱི་ནུས་པ་དང་འཕྲུལ་ཆས་བཀོལ་སྤྱོད་ཞི་བའི་ཆེད་བྱ་རྒྱུ་སོགས་ཀྱི་གྲོས་དོན་ལ་མིང་རྟགས་བཀོད་ནས། ཕྱི་ལོ་༡༩༧༠ ལོ་ནས་གྲོས་དོན་དེ་ལག་བསྟར་བྱ་རྒྱུ་འགོ་བཙུགས་ཡོད་འདུག གྲོས་དོན་དེའི་ནང་རྡུལ་ཕྲན་མཚོན་ཆ་ཉར་ཆོག་པའི་རྒྱལ་ཁབ་ལྔ་མ་གཏོགས་ངོས་འཛིན་བྱེད་ཀྱི་མེད་པ་དང་། གལ་ཏེ་རྒྱལ་ཁབ་གཞན་རྡུལ་ཕྲན་མཁོ་སྤྲོད་ལྷན་ཚོགས་ནང་ཞུགས་འདོད་ཡོད་ཚེ། རྒྱལ་ཁབ་དེའི་རྡུལ་ཕྲན་མཚོན་ཆ་རྣམས་ནུས་མེད་བཟོ་དགོས་ཀྱི་ཡོད་པའི་སྒྲིག་ཁྲིམས་ཡོད་འདུག
རྒྱ་གར་གྱིས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱས་ཏེ་ཚོད་ལྟ་ཐེངས་དང་པོ་དེ་ཕྱི་ལོ་༡༩༧༤ ལོར་བྱས་ཡོད་པས། གལ་ཏེ་ལྷན་ཚོགས་དེའི་ནང་འཛུལ་ཞུགས་བྱ་འདོད་ཡོད་ཚེ། རྡུལ་ཕྲན་བཀག་འགོག་གྲོས་དོན་ལ་མིང་རྟགས་བཀོད་ནས། རྡུལ་ཕྲན་མཚོན་ཆ་རྣམས་ནུས་མེད་བཟོ་དགོས་ཀྱི་ཡོད་པས། རྒྱ་གར་གྱིས་སྒྲིག་ཁྲིམས་དེ་དྲང་བདེན་མེད་པར་ངོས་འཛིན་ཐོག ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་དང་པ་ཀི་སི་ཐན་གཉིས་ལ་རྡུལ་ཕྲན་མཚོན་ཆ་ཡོད་པས། རྒྱལ་ཁབ་ཀྱི་བདེ་འཇགས་ཆེད་རྡུལ་ཕྲན་མཚོན་ཆ་ནུས་མེད་བཟོ་ཐབས་མེད་པས་མིང་རྟགས་བཀོད་མེད་པ་རེད། དེ་བཞིན་པ་ཀི་སི་ཐན་དང་ཨི་ཛེ་རིལ་གྱིས་ཀྱང་མིང་རྟགས་བཀོད་མེད་འདུག
རྡུལ་ཕྲན་མཁོ་སྤྲོད་ལྷན་ཚོགས་ཀྱི་ཚོགས་མི་ཡིན་ཚེ། རྒྱལ་སྤྱིའི་ནང་རྡུལ་ཕྲན་གྱི་ནུས་པ་དང་འཕྲུལ་ཆས་སོགས་ཚོང་འབྲེལ་བྱེད་པའི་ཁྲོམས་ར་ཡོད་པས། རྒྱ་གར་གྱིས་ལྷན་ཚོགས་དེའི་ནང་འཛུལ་ཐབས་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་སྐལ་བཟང་དོན་གྲུབ།
