རྒྱ་ནག་གིས་ཡུ་གུར་ས་ཁུལ་གྱི་ཕྱི་སྐྱོད་ལག་ཁྱེར་ཕྱིར་བསྡུ།

རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རང་སྐྱོང་ཁུལ་དུ་གནས་སྡོད་མི་མང་གི་ཕྱི་སྐྱོད་ལག་ཁྱེར་ཕྱིར་བསྡུ་བྱེད་བཞིན་ཡོད་འདུག

15224555_1325045174186015_1410612959_oདེ་ཡང་ཟླ་འདིའི་ཚེས་༢༥ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་ནག་གཞུང་གི་ལས་བྱེད་ཚོས་འཇིག་སྐུལ་རིང་ལུགས་པར་འཐབ་རྒོལ་བྱེད་ཆེད་ཡིན་པར་བརྗོད་ནས། ཡུ་གུར་མི་རིགས་མང་པོ་ཡོད་པའི་ཁུལ་དེའི་གནས་སྡོད་མི་མང་གི་ཕྱི་སྐྱོད་ལག་ཁྱེར་ཕྱིར་བསྡུ་བྱེད་བཞིན་ཡོད་པས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས། བྱེད་ལས་དེ་ནི་འགྲོ་བ་མིའི་འགུལ་སྐྱོད་ཀྱི་རང་དབང་འཕྲོག་པ་ཡིན་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག

དེ་བཞིན་ཁུལ་དེར་གནས་སྡོད་བྱེད་མཁན་མི་མང་པོས། ཕྱིའི་རྒྱལ་ཁབ་ལ་བསྐྱོད་རྒྱུ་ཡིན་ན་འབྲེལ་ཡོད་ལས་ཁུངས་ནས་ཆོག་མཆན་ལེན་དགོས་ཀྱི་ཡོད་པ་དང་། རྒྱལ་སྤྱིའི་ནང་སྐྱབས་བཅོལ་དུ་སླེབས་ཡོད་པའི་ཡུ་གུར་མི་རིགས་ཀྱི་ཚོགས་པ་འཛམ་གླིང་ཡུ་གར་ལྷན་ཚོགས་ཀྱིས། བྱེད་ལས་དེ་ཕྱི་རུ་གནས་སྡོད་མི་མང་ཚང་མར་དམིགས་པ་འདྲ་བོ་ཡོད་ཀྱང་། དོན་དངོས་སུ་དེ་ནི་ཡུ་གུར་མི་རིགས་ལ་དམིགས་པ་ཡིན་སྐོར་བརྗོད་ཡོད་འདུག

བཙན་བྱོལ་བོད་པའི་བརྒྱུད་ལམ་ཁག་ཅིག་ཏུ་ཟླ་འདིའི་ཚེས་༧ ནས་བཟུང་བོད་མདོ་སྨད་རེབ་གོང་སོགས་བོད་ཀྱི་ས་གནས་མང་པོ་ནས་བོད་མི་ཚོའི་ཕྱི་སྐྱོད་ལག་ཁྱེར་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོས་ཕྱིར་བསྡུ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།