རྒྱ་ནག་དང་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་གི་བདེ་སྲུང་བློན་ཆེན་ཚོགས་འདུ་ཚོགས་འཆར་དང་རྒྱ་ནག་ལ་བདེ་སྲུང་བློན་ཆེན་མེད་པ།

ཞི་ཅིན་ཕིང་གིས་ལྐོག་ཟ་རུལ་སུངས་མེད་པ་བཟོ་རྒྱུའི་སྲིད་བྱུས་འོག་རྒྱ་ནག་ནང་མཐོ་རིམ་འགོ་ཁྲིད་མང་པོ་ཞིག་ལྐོག་ཟ་རུལ་སུངས་བྱས་པའི་ཉེས་མིང་གཡོགས་ཏེ་འཛིན་བཟུང་དང་བཀག་ཉར་བྱེད་བཞིན་ཡོད་པར་བརྟེན། ཉེ་ཆར་ཕྱི་ཟླ་༨ པ་ནས་རྒྱ་ནག་གི་བདེ་སྲུང་བློན་ཆེན་མི་མང་གི་མཐོང་མཐོང་ལམ་དུ་མེད་པ་གྱུར་ནས་ཟླ་བ་འགའ་ཤས་ཕྱིན་ཟིན་ན་ཡང་། ད་དུང་རྒྱ་ནག་གཞུང་གིས་དེའི་སྐོར་འགྲེལ་བརྗོད་གང་ཡང་བརྒྱབས་མེད་པ་མ་ཟད། བདེ་སྲུང་བློན་ཆེན་གྱི་ཚབ་ཀྱང་བསྐོས་མེད། འོན་ཀྱང་། བདུན་ཕྲག་འདིའི་ནང་རྒྱ་ནག་དང་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་གི་བདེ་སྲུང་བློན་ཆེན་རྣམས་ཚོགས་འདུ་ཞིག་ཚོགས་འཆར་ཡོད་ཀྱང་། རྒྱ་ནག་ལ་བདེ་སྲུང་བློན་མེད་ནས་ལུས་ཡོད་འདུག
ཕྱི་ཚེས་༢༥ ཉིན་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་ཕྲག་འདིའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཕྱི་རྒྱལ་གྱི་བདེ་སྲུང་ལས་བྱེད་རྣམས་ཀྱི་ཚོགས་འདུ་ཞིག་ཚོགས་འཆར་ཡོད་ཀྱང་། རྒྱ་ནག་ལ་ད་ལྟར་བདེ་སྲུང་བློན་མེད་ལ་བདེ་སྲུང་བློན་ཆེན་བསྐོས་ཀྱང་མེད། འདི་ལོར་རྒྱ་ནག་གཞུང་གིས་མཐོ་རིམ་དཔོན་རིགས་མང་པོ་ཞིག་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་བྱས་ཡོད་པར་བརྟེན། རྒྱ་ནག་གི་བདེ་སྲུང་བློན་ཆེན་འདི་ལོའི་སྤྱི་ཟླ་༨ པའི་ནང་མི་མང་གི་མཐོང་ལམ་དུ་མེད་པར་གྱུར་ནས་ཟླ་བ་འགའ་ཤས་ཕྱིན་ཟིན་ཡང་ད་དུང་རྒྱུ་མཚན་གང་ཡིན་བརྗོད་མེད་པ་དང་། དེ་བཞིན་བདེ་སྲུང་བློན་ཆེན་གསར་པ་བསྐོ་བཞག་ཡང་བྱས་མེད་པའི་རྐྱེན་གྱིས་ད་ལྟ་རྒྱ་ནག་གི་བདེ་སྲུང་བློན་ཆེན་གྱི་སྐོར་གླེང་སློང་ཆེན་པོ་བྱེད་བཞིན་ཡོད་འདུག
ཉེ་ཆར་རྒྱ་ནག་གཞུང་གིས་བདེ་སྲུང་བློན་ཆེན་(Li Shangfu)ལིས་ཧྲང་ཧྥོས་དང་ཕྱི་སྲིད་བློན་ཆེན་(Qin Gang)། ཆིང་ཀང་། དེ་བཞིན་དམག་དཔོན་གཉིས་གཙོས་པའི་དཔོན་རིགས་མང་པོ་ཞིག་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་(CCTV)་ནས་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་གཞུང་གི་བདེ་སྲུང་བློན་ཆེན་དང་ཕྱི་སྲིད་བློན་ཆེན་གཉིས་ཕྱིར་འཕུད་གཏོང་རྒྱུ་དེ་རྒྱ་ནག་མི་མང་འཐུས་མི་ཚོགས་པའི་རྒྱུན་ལས་རྣམས་ཀྱིས་མོས་མཐུན་བྱས་ཡོད་ཚུལ་བརྗོད་འདུག་ལ། (Reuters )གསར་ཁང་ནས་བརྗོད་དོན་ལ་ཟླ་བ་སྔོན་མར་རྒྱ་ནག་གི་བདེ་སྲུང་བློན་ཆེན་གྱིས་ལྐོག་ཟ་རུལ་སུངས་བྱས་ཡོད་མེད་རྒྱ་གཞུང་གིས་ཞིབ་དཔྱོད་བྱེད་བཞིན་ཡོད་པར་བརྗོད་ཡོད་འདུག ཕྱི་ཟླ་༨ པའི་ཚེས་༢༩ ཉིན་པེ་ཅིན་དུ་རྒྱ་ནག་དང་ཨ་ཧྥི་རི་ཀའི་བདེ་སྲུང་སྐོར་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་། དེའི་རྗེས་ནས་རྒྱ་ནག་གི་བདེ་སྲུང་བློན་ཆེན་(Li Shangfu) ལིས་ཧྲང་ཧྥོས་མི་མང་གི་མཐོང་ལམ་དུ་མེད་པ་གྱུར་ཡོད་འདུག བདེ་སྲུང་བློན་ཆེན་(Li Shangfu)ལིས་ཧྲང་ཧྥོས་ནི་འཁོར་སྐར་དང་མེ་ཤུགས་འཕུར་མདའི་སྐོར་སློབ་སྦྱོང་བྱེད་མྱོང་ཡོད་པ་དང་། རྒྱ་ནག་གི་དམག་དོན་དང་ཆབ་སྲིད་ནང་ཤུགས་རྐྱེན་ཆེན་པོ་ཡོད་པའི་མི་སྣ་དྲག་གྲས་ཤིག་ཡིན་འདུག ཕྱི་ལོ་༢༠༡༨ ནང་ཨ་རིའི་གཞུང་གིས་ཁོ་ལ་ཨུ་རུ་སུ་ནས་གོ་ལག་དང་མཚོན་ཆའི་རིགས་ཉོས་པའི་ཉེས་མིང་འོག་དཔལ་འབྱོར་གྱི་ཉེས་ཆད་བཅད་ཡོད་འདུག་ལ། ཁོ་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་བློ་ཐག་ཉེ་བའི་(Qin Gang)ཆིང་ཀང་གི་ཕྱི་སྲིད་བློན་ཆེན་ལྟ་བུ་ཡིན་ཡང་། ད་ཆར་འཛིན་བཟུང་བྱས་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
