རྒྱ་ནག་ནང་སྔར་དང་བསྡུར་ན་མི་ཚོང་གི་ལས་དོན་ཤུགས་ཆེ་རུ་འགྲོ་ཡོད་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བཏོན་པའི་སྙན་ཐོའི་ནང་། རྒྱ་ནག་ནང་སྔར་དང་བསྡུར་ན་མི་ཚོང་གི་ལས་དོན་ཤུགས་ཆེ་རུ་འགྲོ་ཡོད་སྐོར་འཁོད་ཡོད་པ་དང་། དེ་ནི་སྲིད་འཛིན་ཊོམ་གྱིས་ལས་ཁུར་བླངས་ནས་བཟུང་ཨ་རིའི་ངོས་ནས་རྒྱ་ནག་ལ་ཁ་རྡུང་ཆེ་ཤོས་དེ་ཆགས་ཀྱི་ཡོད་འདུག

སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན་ཟླ་འདིའི་ཕྱི་ཚེས་༢༨ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱལ་སྤྱིའི་ནང་མི་ཚོང་གི་གནས་བབ་སྐོར་གྱི་ལོ་འཁོར་སྙན་ཐོ་ཞིག་འགྲེམ་སྤེལ་བྱས་ཡོད་འདུག་ཅིང་། དེའི་ནང་རྒྱ་ནག་དེ་མི་ཚོང་རྒྱག་ཡུལ་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཨང་༢༡ པ་དེ་ཡིན་སྐོར་འཁོད་ཡོད་འདུག་པ་མ་ཟད།  མི་ཚོང་བཀག་སྡོམ་ཐོག་རྒྱ་ནག་གིས་དོན་ཕན་ལྡན་པའི་ལས་དོན་ལག་བསྟར་མ་བྱས་སྟབས་རྒྱ་ནག་ནང་སྔར་དང་བསྡུར་ན། མི་ཚོང་གི་ལས་དོན་ཤུགས་ཆེ་རུ་འགྲོ་ཡོད་སྐོར་འཁོད་ཡོད་འདུག

གནད་དོན་དེའི་སྐོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་རེཀ་སི་ཊེ་ལི་སོན་གྱིས། བཙན་ཤེད་ཀྱི་ཐོག་ནས་རྒྱ་ནག་ཏུ་འབྱོར་བའི་བྱང་ཀོ་རི་ཡའི་ངལ་རྩོལ་བ་རྣམས་ཀྱིས་མཚོན་པའི་མི་ཚོང་བཀག་སྡོམ་ཐོག རྒྱ་ནག་གཞུང་ནས་དོན་ཕན་ལྡན་པའི་ལས་དོན་ལག་བསྟར་བྱས་མེད་སྐོར་བརྗོད་ཡོད་འདུག་པ་མ་ཟད། བྱང་ཀོ་རི་ཡའི་ངལ་རྩོལ་བ་༥༠-༨༠,༠༠༠ ཡས་མས་ཀྱིས་བཙན་ཤེད་ཀྱི་ཐོག་ནས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཉིན་རེར་ཆུ་ཚོད་༢༠ ཙམ་གྱི་རིང་ལ་ལས་ཀ་བྱེད་ཀྱི་ཡོད་སྐོར་ཡང་བརྗོད་ཡོད་འདུག

དེ་བཞིན་སྙན་ཐོའི་ནང་བཙན་ཤེད་ཀྱི་ཐོག་ནས་རྒྱ་ནག་ཏུ་འབྱོར་བའི་བྱང་ཀོ་རི་ཡའི་ངལ་རྩོལ་བ་རྣམས་ལ་རྒྱ་ནག་གཞུང་གིས་མི་ཚོང་གི་གནོད་འཚེ་འཕོག་ཡུལ་ཡིན་མིན་བརྟག་དཔྱད་མ་བྱས་པར། བྱང་ཀོ་རི་ཡ་རུ་མནར་གཅོད་དང་སྲོག་གཅོད་ཀྱི་ཉེས་པ་ཕོག་སྲིད་ཀྱང་ཕྱིར་ལོག་བཏང་ཡོད་སྐོར་ཡང་ཡང་དུ་འཁོད་ཡོད་འདུག་ཀྱང་། རྒྱ་ནག་གཞུང་ནས་ད་ལྟ་དེར་ལན་འདེབས་གང་ཡང་བྱས་མི་འདུག

སྤྱིར་ད་ཐེངས་ཀྱི་སྙན་ཐོ་འདི་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་བཏོན་པ་ཞིག་ལས་ཕོ་བྲང་དཀར་པོས་བཏོན་པ་ཞིག་མིན་ཡང་། སྲིད་འཛིན་ཊོམ་གྱིས་ལས་ཁུར་བླངས་ནས་བཟུང་ཨ་རིའི་ངོས་ནས་རྒྱ་ནག་གཞུང་ལ་ཁ་རྡུང་དེ་འདྲ་ད་བར་བཏང་མེད་འདུག་པ་མ་ཟད། རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གིས་བྱང་ཀོ་རི་ཡའི་ཐོག་ལྷོད་གཡེང་བྱེད་ཀྱི་ཡོད་སྟབས་སྲིད་འཛིན་ཊོམ་རྒྱ་ནག་ལ་ཁོང་ཁྲོ་ཆེ་རུ་འགྲོ་བཞིན་ཡོད་སྐོར་ཡང་འདུག

རྒྱལ་སྤྱིའི་ནང་ཉམ་ཐག་བུད་མེད་དང་ཕྲུ་གུ་སོགས་ལ་འཁྲིག་སྤྱོད་དང་། ངལ་རྩོལ་གྱི་ལས་ལ་བཀོལ་ཕྱིར་དཔུང་ཤུགས་དང་སྡིགས་ར། བསླུ་བྲིད་སོགས་ཀྱི་སྒོ་ནས་ཉོ་ཚོང་གི་ཆེད་དུ་གནས་གཞན་དུ་བཙན་ཁྲིད་བྱེད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ཁྱབ་ཆེན་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།