རྒྱ་ནད་ཀོ་རོ་ནཱ། རྒྱ་ནག་གིས་འཛམ་གླིང་ལ་ཁྱེར་ཡོང་བའི་ཆག་སྒོ་ཆེན་པོ།
ཅ་དངོས་རྫུན་མ་མང་ཤོས་རྒྱ་ནག་ནས་ཐོན་ཞིང་། རྒྱ་ནག་གི་ཐོན་རྫས་ཀྱིས་འཛམ་གླིང་གི་ཁྲོམ་རྭ་དང་འཛད་སྤྱོད་པར་དཀའ་ངལ་ཆེན་པོ་སྤྲོད་པས། Made in China འཁོད་པའི་ཐོན་རྫས་ལ་མི་རྣམས་ཞེ་ལོགས་པ་མ་ཟད། བྱི་བའི་ནད་ཡམས་དང་། ཕག་པའི་རིམ་ནད། སཱར་སི་ནད་ཡམས། ཀོ་རོ་ནཱ་རྒྱ་ནད་སོགས། ནད་ཡམས་མང་ཤོས་འབྱུང་ས་ཡང་རྒྱ་ནག་ཡིན་པས། ཅ་དངོས་རྫུན་མའི་ཐོན་འབོར་དང་། ནད་ཡམས་ཀྱི་ཐོན་འབོར་གཉིས་ཀའི་ཐད་ནས་འཛམ་གླིང་ལོ་རྒྱུས་ཁྲོད་རྒྱ་ནག་གིས་ཟིན་ཐོ་གཏོད་སོང་།
འབྱུང་བཞིན་པའི་ནད་ཡམས་འདི་ལ་ངས་རྒྱ་ནད་ཀོ་རོ་ནཱ་ China Corona Virus དང་། རྒྱ་ནད་ China Virus ཅེས་འབོད་ཀྱི་ཡོད། ནད་དེ་ཐོག་མར་རྒྱ་ནག་ནས་བྱུང་བས། རྒྱ་ནད་ཅེས་འབོད་པ་ནི་དྲང་པོ་ཡིན་པ་ལས། དེ་ལ་མི་རིགས་དབྱེ་འབྱེད་དང་རྒྱལ་ཁབ་གང་དེར་དམའ་འབེབས་ཀྱི་གོ་བ་ཅི་ཡང་མེད། གང་ལེགས་ཞེ་ན་ནད་དེ་ཐོག་མར་རྒྱ་ནག་ནས་བྱུང་བས། རྒྱ་ནད་ཅེས་འབོད་པ་ནི། ཧོན་ཌ་སྣུམ་འཁོར་Honda དེ་འཇར་པན་ནས་ཐོན་པས། ཧོན་ཌ་ལ་འཇར་པན་གྱི་སྣུམ་འཁོར་ཞེས་འབོད་ཆོག་པ་དང་གཅིག་མཚུངས་ཡིན།
གལ་ཏེ། ཀོ་རོ་ནཱ་ནད་ཡམས་ལ་རྒྱ་ནད་ལབ་པ་དེ། མི་རིགས་དབྱེ་འབྱེད་དང་རྒྱལ་ཁབ་ལ་དམའ་འབེབས་ཡིན་ན། འཛམ་གླིང་ལོ་རྒྱུས་ནང་འཁོད་ཟིན་པའི་ཨི་བྷོ་ལ་ནད་ཡམས་EBOLA Virus,དང་། སི་པན་ཆམ་རིམས་ Spanish flu ཞེས་པ་ཡང་མི་རིགས་དབྱེ་འབྱེད་དང་རྒྱལ་ཁབ་གང་དེར་དམའ་འབེབས་ཡིན་ནམ། དེ་ལྟར་མིན་པར། དེ་ནི་ནད་ཡམས་དེའི་བརྒྱུད་རིམ་ངོ་མ་གླེང་བ་ཙམ་ཡིན།
འབྱུང་བཞིན་པའི་རྒྱ་ནད་ཀོ་རོ་ནཱ་ནི། རྒྱ་ནག་ངོ་སྤྲོད་ཀྱི་དམར་འཁྲིད་ཐེངས་གཅིག་སྟེ། ནད་ཡམས་དེའི་འབྱུང་རྐྱེན་དང་བརྒྱུད་རིམ་ནས། རྒྱ་ནག་དེ་རང་དབང་མེད་ཅིང་གསང་བ་མང་ལ། རང་སྟོབས་ཞན་ཅིང་གཡོ་ཇུ་ཆེ་ལ། ཀུན་སྤྱོད་རུལ་བའི་ཀླ་ཀློའི་རྒྱལ་ཁམས་ཤིག་ཡིན་པ་ར་སྤྲོད་བྱས།
དེ་ཡང་རྒྱ་ནད་ཀོ་རོ་ནཱ་ནི། རྒྱ་ནག་གི་གསང་བ་དང་ངན་མཚང་མང་པོའི་ཁ་ཡིག་ནོགས་པོ་ཞིག་སྟེ། ནད་ཡམས་འདིའི་ཐོག་མའི་དུས་རིམ་གསང་བ་བྱས་ཤིང་། བར་དུ་ནད་ཡམས་ཀྱིས་ཤི་ཚད་དང་མནར་ཚད་ཡང་གསང་བ་བྱེད་པ། མཐར་ནད་ཡམས་ཀྱི་འབྱུང་ཁུངས་དང་བརྒྱུད་རིམ་ཚུན་ཆད་འཁྱོག་བརྗོད་བྱེད་དེ། རང་གི་འགན་འཁྲི་ལས་གཡོལ་ཐབས་བྱེད་པ་བཅས་ནི། རྒྱ་གཞུང་དེ་ཕྱི་རྫིག་ནང་སྟོང་ཞིག་ཡིན་པ་མ་ཟད། འགན་འཁུར་གྱི་འདུ་ཤེས་དང་དོན་དངོས་ལ་ཁ་ཕྱོགས་པའི་བློ་སྤོབས་ཙམ་ཡང་མེད་ཅིང་། གཞན་གྱི་ཚེ་སྲོག་ལ་རིན་ཐང་མི་བརྩི་བར་རང་གི་ནག་ཉེས་འགེབས་ཆེད་སྐྱག་རྫུན་ཅི་ཡང་བཤད་སྲིད་པའི་བདེན་དཔང་བྱས།
“རྒྱ་ནག་གིས་སྐྱག་རྫུན་བཤད་ཅིང་། བོད་མིའི་ཚེ་སྲོག་ཤོར་གྱི་འདུག”་ཅེས་བོད་མིས་ད་བར་ཞུ་འབོད་མི་ལོ་དུ་མར་བྱས་ཀྱང་། རྒྱལ་སྤྱིས་ནུས་པ་ཐོན་པའི་རྒྱབ་སྐྱོར་དང་། བདེན་དོན་བདག་སྤྲོད་བྱས་མེད།
འོན་ཀྱང་ད་ལྟ་བོད་མི་གཅིག་པུ་མིན་པར། འཛམ་གླིང་ཧྲིལ་པོའི་མིའི་ཚེ་སྲོག་བརྒྱ་སྟོང་དུ་མ་རྒྱ་ནག་གི་སྐྱག་རྫུན་འོག་ནས་ཤོར་བཞིན་པའི་མུན་ནག་གི་དུས་རབས་ཤིག་ང་ཚོ་ཚང་མའི་མགོ་ཐོག་ཏུ་ཤར་ཡོད་པས། ད་ནས་འཛམ་གླིང་གི་འགོ་འཁྲིད་དང་མི་མང་ཚོ་རྒྱ་ནག་གི་གནད་དོན་ཐད་གཉིད་སད་པའི་དུས་ལ་སླེབས་ཡོད།
འོན་ཀྱང་ཡིད་སྐྱོ་བ་ཞིག་ལ། རྒྱལ་སྤྱིའི་འགོ་འཁྲིད་དང་མི་དམངས་ད་དུང་ཡང་གཉིད་ལས་སད་མེད། དཔེར་ན། རྒྱ་ནག་གིས་ནད་འགོག་ཡོ་ཆས་ཐད་ནས་སཱར་བྷི་ཡར་རོགས་བྱས་པར། ཡུལ་དེའི་སྲིད་འཛིན་གྱིས་རྒྱ་ནག་ལ་ཐལ་དྲགས་པའི་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་ཡོད།
དེ་མཚུངས་ཅཱེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱ་ནད་འགོག་ཆེད། ཡོ་སྒོར་ས་ཡ་མང་པོས་རྒྱ་ནག་ནས་ཁ་རས་ཉོ་འགོ་བཙུགས་པ་མ་ཟད། ཅཱེག་དང་ཨི་དབྱི་ཊ་ལི་བར་རྒྱ་ནག་གི་ཁ་རས་ཉོ་རྩོད་བྱས་ཏེ། རྒྱ་ནག་ལ་ཚོང་གི་ཁེ་ཕན་ཆེན་པོ་སྤྲད་ཡོད།
དེ་བཞིན་སེ་པན་གྱིས་ཨ་སྒོར་ས་ཡ་བཞི་བརྒྱ་སོ་གཉིས་ཀྱིས་རྒྱ་ནད་ཀོ་རོ་ནཱ་བརྟག་དཔྱད་ཡོ་བྱད་ཉོས་པ་བཅས་ནི། ལག་དམར་པས་རང་གི་ཕུ་ནུ་མིང་སྲིང་དམར་གསོད་བྱས་པའི་ཟུངས་ཁྲག་མ་སྐམ་གོང་ནས། ལག་དམར་བ་ལ་ལག་འཇུ་དང་ཁེ་བཟང་སྤྲད་པ་ནི་སྡར་མ་ཞིག་མིན་ན། གཟའ་རོ་ཞིག་རེད་ཟེར་ལོས་ཆོག
རྒྱལ་ཁབ་དེ་དག་གི་འགོ་འཁྲིད་ཚོས་བྱེད་སྟངས་ནི། རྒྱ་ནད་ཀྱིས་བསད་པའི་རང་གི་ཡུལ་མི་ཚོར་ལ་མ་དག་པ་མ་ཟད། གོང་འཁོད་རྒྱལ་ཁབ་གསུམ་པོའི་ད་ལྟའི་ངོ་ཚ་དང་མ་འོངས་པའི་ཆག་སྒོ་ཡིན།
མ་གཞི་རྒྱལ་ཁབ་ཁག་གི་སྲིད་འཛིན་སྲིད་བློན་གྱི་གཙོས་པའི་གཞུང་གི་མཐོ་རིམ་ལས་སྣེ་ཁག་ལ་ཚད་ལས་བརྒལ་བའི་གླ་ཕོགས་དང་མཐུན་རྐྱེན། ལས་བྱེད་སོགས་ཁོང་ཚོར་དགོས་མཁོ་འདང་ངེས་ཡོད་ཀྱང་། སྨན་ཁང་ཁག་ཏུ་ཛ་དྲག་གི་སྐབས་སུ་དགོས་ངེས་ཀྱི་སྨན་བཅོས་ཡོ་ཆས་དང་། འཕྲོད་བསྟེན་ལས་སྣེ་འདང་ངེས་མེད་པར། ཐ་ན་དགྲ་བོ་ལ་ཡང་ལག་པ་ཟེད་དགོས་པ་ནི། མཐོ་རིམ་སྲིད་དོན་མི་སྣ་ཚོས་རྒྱུན་ལྡན་རྒྱལ་ཁབ་དང་མི་དམངས་ལ་འགན་འཁུར་བའི་སྲིད་ཇུས་དང་། སྲི་ཞུ་ཚད་ལྡན་མེད་པའི་བདེན་དཔང་དང་ངོ་ཚ་ཡིན་པས། དེ་རིང་གི་ཆག་སྒོ་འདི་ནས་དམངས་གཙོའི་མི་སེར་ཚོས་བསླབ་བྱ་བླངས་ནས། མ་འོངས་པར་རང་གི་སྲིད་གཞུང་འོས་འདེམས་སྐབས། བླང་བྱ་གསར་འདོན་དང་བལྟ་སྐུལ་བརྡ་འདེད་རྒྱུན་དུ་བྱ་དགོས།
རྒྱ་ནག་གིས་ངན་ཇུས་དང་སྐྱག་རྫུན་གྱིས་བཏུམ་པའི་རྒྱ་ནད་ཀོ་རོ་ནཱ་དེས་འཛམ་གླིང་ཧྲིལ་པོའི་ཚེ་སྲོག་དང་དཔལ་འབྱོར་ལ་གསབ་དཀའ་བའི་གྱོང་གུད་དང་། ཆག་སྒོ་མིག་མདུན་ལ་སྤྲོད་བཞིན་དུ། འདི་ལྟར་ད་དུང་ཡང་གོང་གསལ་རྒྱལ་ཁབ་ཚོས་དགྲ་གཉེན་ནོར་ཏེ། རྒྱ་ནག་དང་ཉེ་བར་བྱེད་ན། ཡོ་རོབ་གཙོས་འཛམ་གླིང་ཧྲིལ་པོར་རྒྱ་ནག་གིས་མུ་མཐུད་ཆག་སྒོ་དང་གྱོང་གུད་སྤྲད་ངེས་རེད།
ནད་ཡམས་ཐོག་མར་རྒྱ་ནག་ནས་ཐོན་པ་དང་། ནད་ཡམས་སྦས་འགེབས་ལ་བརྟེན་ནས་འཛམ་གླིང་སྤྱི་ལ་ཆག་སྒོ་འདི་རྒྱ་ནག་གིས་བཟོས་ཡོད་པས། རྒྱ་ནག་ནས་འཛམ་གླིང་ཁྱོན་ཡོངས་ལ་གང་ཐུབ་ཀྱིས་སྨན་བཅོས་མཐུན་རྐྱེན་སྦྱོར་དགོས་པའི་བླང་བྱ་འདོན་དགོས་ལ། རྒྱ་ནག་གིས་ཀྱང་རང་གི་ནག་ཉེས་དག་ཆེད་ངེས་པར་རྒྱལ་སྤྱིར་མཐུན་སྦྱོར་དགོས་པ་ལས། རྒྱ་ནག་ལ་རིན་གོང་དང་ངོ་སོ་སྤྲད་དགོས་དོན་ཅི་ཡང་མེད།
འོན་ཀྱང་ད་དུང་ཡང་རྒྱ་ནག་གིས་རྒྱ་ནད་སྦས་འགེབས་བྱས་ཏེ། རྒྱ་ནད་འཛམ་གླིང་ཧྲིལ་པོར་ཁྱབ་བཅུག་པའི་ནག་ཉེས་ངོས་ལེན་མི་བྱེད་པ་མ་ཟད། རྒྱ་ནད་དེའི་འབྱུང་ཁུངས་ཨ་རི་དང་དབྱི་ཊ་ལི་སོགས་ཀྱི་མགོ་ལ་གཡོགས་ཐབས་བྱེད་པའི་ཧམ་ཤད་ཀྱི་ལྕེ་ལེ་མ་སྐུམ་གོང་ནས། གོང་གསལ་ཡུལ་གྲུ་དེ་དག་གིས་རྒྱ་ནག་ལ་མཉམ་འབྲེལ་དང་ངོ་བསྟོད་བྱེད་པ་དེ། སྤྱང་ཀི་ལ་དཔའ་དར་དང་རྐུན་མ་ལ་སྣ་དར་ཞེས་པའི་དཔེ་ལྟར། ཡོ་རོབ་པ་ཚོས་ད་དུང་ཡང་རྒྱ་ནག་གི་ངོ་གདོང་མ་ཤེས་པ་ནི། ཡོ་རོབ་ཀྱི་མ་འོངས་པའི་ཉེན་ཁ་ཞིག་ཡིན་པ་མ་ཟད། དེ་བས་རྒྱ་ནད་ཀྱིས་ཚེ་སྲོག་ཁྲི་སྟོང་འཕྲོག་བཞིན་པའི་དབྱི་ཊ་ལི་སོགས། ཡོ་རོབ་ས་གཞི་ཆེན་པོའི་ངོ་ཚ་ཞིག་ཀྱང་ཅི་ལ་མིན། དཔེར་ན་དབྱི་ཊ་ལི་གཅིག་པུར་མཚོན་ན། ཉི་མ་གཅིག་ལ་མི་དགུ་བརྒྱ་རྒྱ་ནད་ཀྱིས་བསད་པ་བྱུང་ཡོད་ཅིང་། ད་བར་རྒྱ་ནད་དེས་ཡུལ་དེར་མི་གྲངས་དགུ་སྟོང་ལྷག་གི་ཚེ་སྲོག་འཕྲོགས་ཟིན་པ་མ་བརྗེད།
དེ་བས་རྒྱ་ནག་གིས་རྒྱལ་སྤྱི་མགོ་སྐོར་གཏོང་བའི་ངན་ཇུས་སྐོར་རྒྱལ་སྤྱིས་ཤེས་ཚོར་དགོས་གལ་ཆེ། དེ་ཡང་ཨ་རིའི་ The Wall Street Journal ཡིས་“རྒྱ་ནག་ནི་ཨེ་ཤ་ཡའི་ནད་རོ་རེད་”ཅེས་པའི་གསར་འགྱུར་སྤེལ་བར་བརྟེན། སྤྱི་ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་གསར་ཁང་དེའི་གསར་འགོད་པ་གསུམ་རྒྱ་ནག་ནས་ཕྱིར་འབུད་བྱས་ཏེ། ནད་ཡམས་འདིའི་སྐོར་རྒྱ་ནག་གིས་མུ་མཐུད་སྦས་ཐབས་བྱས་པ་དང་། རྒྱལ་སྤྱིའི་ཆེད་མཁས་པ་རྒྱ་ནག་ཏུ་ཡོང་ནས་ནད་དུག་དེ་གང་ལས་བྱུང་བའི་སྐོར་ཞིབ་འཇུག་ད་དུང་ཡང་རྒྱ་ནག་གིས་བྱེད་བཅུག་མེད་ཅིང་། ནད་ཡམས་དེ་ཐོག་མར་འབྱུང་ས་རྒྱ་ནག་ཝུ་ཧན་གྲོང་ཁྱེར་དང་། འབྱུང་གཞི་བྱ་ཕ་ཝང་གི་ཤ་ཡིན་པ་རྒྱ་གཞུང་གིས་ཐོག་མའི་དུས་རིམ་དུ་ཁས་ལེན་དང་གསལ་བསྒྲགས་བྱས་ཟིན་ཡང་། རྒྱལ་སྤྱིའི་ཉམས་ཞིབ་པ་དག་གིས་ནད་དེ་རྒྱ་ནག་གིས་ཆེད་བཟོས་ནད་དུག་ལས་བྱུང་བའི་དོགས་སློང་བྱས་པའི་གྲངས་འབོར་ཇེ་མང་དུ་སོང་བས། ད་ཆ་རྒྱ་ནག་གིས་སྔར་བྱ་ཕ་ཝང་གི་ཤ་ལས་བྱུང་བ་རེད་ཟེར་བའི་བཤད་ཕྱོགས་དེ་འགྱུར་བ་གཏོང་རྩིས་བྱེད་ཀྱི་ཡོད།
དེ་ལྟར་རྒྱ་ནད་དེའི་གསང་བ་སྦས་འགེབས་མི་ཐུབ་པའི་ཚད་ལ་སླེབས་དུས། རང་གི་ནག་ཉེས་གཞན་གྱི་མགོར་གཡོགས་ཐབས་ཀྱི་ངན་ཇུས་འདེངས་ཀྱི་ཡོད། དེ་ཡང་རྒྱ་ནག་གི་དྲྭ་ལམ་དང་སྤྱི་ཚོགས་ཁག་ཏུ་ནད་དུག་དེ་ཨ་རིས་བཟོས་པ་རེད་ཟེར་བའི་ཁུངས་མེད་ཀྱི་གཏམ་འཆལ་སྤེལ་བ་མ་ཟད། རྒྱ་ནག་གི་འཕྲོད་བསྟེན་ཆེད་ལས་པ་ཀྲུང་ནན་ཧྲན་གྱིས། “ནད་དེ་ཐོག་མར་མངོན་གསལ་ཆགས་ས་རྒྱ་ནག་ཡིན་ཡང་། ན་ཚ་དེའི་འབྱུང་ཁུངས་རྒྱ་ནག་ཡིན་པའི་ངེས་པ་ཡོད་མ་རེད།” ཟེར་བའི་ཧམ་གཏམ་བཤད་པ་དང། དེ་བཞིན་རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པ་ཛོའོ-ལི་ཇན་(Zhao Lijian)གྱིས་ “ནད་ཡམས་ཝུའུ་ཧན་དུ་འཁུར་མཁན་ཨ་རིའི་དམག་མི་ཡིན་སྲིད་པ་དང་དེ་འབྲེལ་ཨ་རིས་ཡིག་ཆ་སྟོན་དགོས་ཟེར་འཁྱོག་བརྗོད་ཧམ་བཤད་བྱས་པ་མ་ཟད། ད་དུང་སྤྱི་ཚོགས་དྲྭ་ལམ་སྤྱོད་མཁན་ཚོར་ནད་དུག་དེ་ཨ་རི་ནས་བྱུང་བའི་སྐོར་རྩོམ་ཡིག་སྤེལ་དགོས་པའི་ངན་སྐུལ་བྱས།
དེ་རྗེས་ཨ་རིའི་དཔོན་རིགས་ཚོས་གདེངས་སྤོབས་ཆེན་པོས་རྒོལ་ལན་སློག་པར་བརྟེན། རྒྱ་ནག་གི་སྐྱག་རྫུན་རང་བཞིན་གྱི་ཧམ་གཏམ་དེ་ཁུངས་མ་འཁྱོལ་བས། ད་ཆ་ཏོག་དབྱིབས་ནད་དུག་དེ་རྒྱ་ནག་ལ་མ་བྱུང་སྔོན་དུ་དབྱི་ཊ་ལི་ལ་བྱུང་ཚུལ་ཧམ་བཤད་གསར་པ་བྱེད་ཀྱི་ཡོད། དེ་ལྟར་ངོ་ཚ་མེད་པར་རྒྱ་ནད་དེའི་འབྱུང་ཁུངས་གཞན་ལ་ཡང་ཡང་གཡོགས་ཐབས་བྱེད་པ་དང་། ཐ་ན་ནད་དེའི་མིང་ལ་ཡང་རྩོད་གླེང་བྱེད་པ་ནི། རྐུན་མའི་རང་གནོངས་ཟེར་བ་ལྟར། ནད་དེ་རྒྱ་ནག་གིས་ཆེད་བཟོས་ནད་འབུ་ལས་བྱུང་བའི་དོགས་གཞི་ཇེ་ཆེ་རེད།
ཨ་རིར་ནད་ཡམས་ཁྱབ་ཚད་ཧ་ཅང་མཐོན་པོར་སླེབས་པ་དང་། བདུན་ཕྲག་འདིར་རྒྱ་ནག་ཧྲིང་ཡང་གྲོང་ཁྱེར་གྱི་ཡཱང་མ་མཱ་ཀྲུའུ་ཏན་ཟ་ཁང་མདུན་དུ། ཨ་རིར་ཁྱབ་པའི་རིམ་ནད་ལ་སྤྲོ་བ་ཆེན་པོས་བཀྲ་ཤིས་བདེ་ལེགས་ཞུ་ཟེར་བའི་བྱང་བུ་བཙུགས་ཏེ། ཨ་རིར་ནད་ཡམས་ཁྱབ་པར་དགའ་བསུ་དེ་ལྟར་བྱེད་པ་ནི། རྒྱ་ནག་ཀླ་ཀློའི་ཀུན་སྤྱོད་ཀྱི་ངོ་བོ་མཚོན་པ་ཙམ་མིན་པར། དེ་ནི་རྒྱ་ནག་གིས་ཨ་རིར་འཛིན་པའི་འགྲན་སེམས་དང་སྡང་སེམས་ཀྱི་མཚོན་རྟགས་ཤིག་ཀྱང་ཡིན་ལ། དེ་ནི་ནད་ཡམས་དེ་རྒྱ་ནག་གིས་ཆེད་བཟོས་ནད་འབུ་ཡིན་པའི་དོགས་གཞི་འཕར་མའི་ཁུངས་སྣེ་གསར་པ་ཞིག་ཀྱང་ཡིན་པས། འཛམ་གླིང་སྤྱི་དང་ལྷག་པར་ཨ་རིའི་སྲིད་འཛིན་གཙོས། ཨ་རིའི་རྒྱལ་འབངས་ཀྱིས་དམིགས་བསལ་ཡིད་གཟབ་དགོས་པའི་གནད་དོན་ཡིན།
ནད་དུག་དེ་ཐོག་མར་འབྱུང་ས་རྒྱ་ནག་ཡིན་པ་དང་། འཛམ་གླིང་དུ་རྒྱ་ནད་དེ་ཡོངས་ཁྱབ་ཏུ་གྱུར་པའི་ཛ་དྲག་གི་སྐབས་སུ། རྒྱལ་སྤྱིའི་ཁྱོན་ཡོངས་ལ་རང་གི་རྒྱལ་ཁབ་དུ་སྨན་བཅོས་ཡོ་ཆས་མི་འདང་བའི་དཀའ་ངལ་འཕྲད་ཀྱང་། རྒྱ་ནག་གིས་ཁ་རས་དང་སྨན་དཔྱད་ཡོ་ཆས་རྫུན་མ་དང་ངོ་མ་ཡིན་པ་ཅི་རིགས་སི་པན་སོགས། ཕྱིའི་རྒྱལ་ཁབ་ཁག་ལ་ཕྱིར་ཚོང་བྱེད་པ་འདི་ནི། ནད་ཡམས་ཀྱི་དམག་འཁྲུག་དང་མཉམ་དུ། ཚོང་གི་ཁེ་དཔོགས་དང་ངོ་སོ་ལེན་རྒྱུའི་གྲ་སྒྲིག་དེ་རྒྱ་ནག་ལ་སྔོན་ཚུད་ནས་འཆར་གཞི་དང་གྲ་སྒྲིག་ཡོད་པ་ལྟ་བུར་སྣང་བས། འདི་དག་ནི་ནད་དུག་དེ་རྒྱ་ནག་གིས་ཆེད་དུ་བཟོས་པའམ། ནད་དུག་དེ་རྒྱ་ནག་གིས་རྒྱལ་སྤྱིར་ཆེད་མངགས་ཁྱབ་བཅུག་པའི་དོགས་གཞིའི་གནད་དོན་ཆེན་པོ་ཡིན་པས། འདི་དག་གི་བརྒྱུད་རིམ་དང་ངོ་བོ་ཡང་རིམ་པས་སྔོགས་འདོན་དང་ཇེ་གསལ་དུ་གཏང་དགོས་ངེས་རེད།
དེ་འབྲེལ་དབྱིན་ཇིའི་སྲིད་བློན་དང་རྒྱལ་སྲས། ཨ་རིའི་གྲོས་ཚོགས་འཐུས་མི་སོགས་འཛམ་གླིང་གི་གནད་ཡོད་མི་སྣ་དུ་མར་ནད་དུག་འདི་འགོས་ཡོད་པ་དང་། ཨ་རིར་ནད་ཡམས་ཁྱབ་ཚད་ཧ་ཅང་མཐོན་པོར་སླེབས་ཡོད་པ་ལ་ཡང་དཔྱད་རྒྱུ་གཞན་ཞིག་ཡོད་མི་སྲིད་པ་མིན།
གང་ལྟར་ནད་ཡམས་འདིའི་ཐོག་མའི་འབྱུང་རྐྱེན་རྒྱ་ནག་གིས་ཆེད་བཟོས་ནད་འབུ་ཤོར་བས་ཡིན་ནམ། ཡང་ན་བྱ་ཕ་ཝང་གི་ཤ་ལས་བྱུང་བ་གང་ཡིན་ད་དུང་ཡང་གསང་བ་དང་དྲི་བའི་ཀློང་དུ་ལུས་ནས་ཡོད་པ་དེ། སྨག་ནག་པའི་མཚན་མོར་ལྐོགས་གསོད་ཀྱི་དོན་རྐྱེན་སྣ་ཚོགས་བཟོ་བའི་གཤེད་མ་གང་གི་གྲིབ་གཟུགས་ནག་པོ་ཞིག་ལྟར། འགྲོ་བ་མིའི་ཚེ་སྲོག་འཇོམས་པར་རྒྱ་ནག་གིས་ལས་ངན་ཅི་ཡང་བྱ་སྲིད་པའི་འཇིགས་དངངས་དང་། སྡང་སེམས་གོ་ལ་ཧྲིལ་པོར་སྦྱིན།
དེ་ལྟར་རྒྱ་ནག་ནི་ཨེ་ཤ་ཡའི་ངོ་ཚ་དང་། འཛམ་གླིང་གི་ནད་རོ་ངོ་མ་དེ་ཡིན་སོང་ཡང་། ང་ཚོའི་མེས་རྒྱལ་རྒྱ་ནག་མིན་པ་དང་། ང་ཚོ་རྒྱ་མི་མིན་པ་ནི་བསོད་བདེ་བསོད་ནམས་ཡིན་ཟེར་ཆོག་ཅིང་། དེ་བས་ཀླ་ཀློ་ནག་པོ་རྒྱ་ལ་གངས་ཅན་བོད་མིས་འཐབ་རྩོད་བྱེད་བཞིན་པ་ནི། ཐོབ་ཐང་ཙམ་མིན་པར། ཀུན་སྤྱོད་ཀྱི་ཆ་ནས་ཀྱང་ང་ཚོས་འཛམ་གླིང་ཐོག་སྤོབས་པའི་ཀི་ཤར་འདེབས་ཆོག་པ་ཡིན།
རྒྱ་ནག་ནི་ཀུན་སྤྱོད་དང་འཚོ་ཐབས་ཀྱི་ཆ་ནས་ངོ་མ་ཀླ་ཀློའི་རྒྱལ་ཁམས་ཤིག་སྟེ། ཁྱི་ཤ་ཟོག་ཤ་ལ་བརྫུས་ནས་བཙོང་བ་དང་། ཟོག་ཤའི་ལྕགས་ཀྲིན་ནང་མི་ཤ་བླུགས་ནས་ཚོང་རར་འགྲེམས་པ། རྒྱུ་དང་དབང་ཤུགས་ཅན་ཚོས་ཆགས་སྲེད་ཀྱི་ནུས་པའི་དོན་དུ་བྱིས་པ་རྐུ་ཞིང་། བྱིས་པ་དམར་འབྱར་བསད་པའི་ཤ་ཟ་བ། ཉ་གསོན་པོའི་ཁ་ནས་ཟ་ཐུར་མང་པོ་མཉམ་དུ་བརྒྱངས་ཏེ། གསོན་པོར་ཁོག་པ་གཤགས་ཤིང་འཕྲལ་དུ་སྣུམ་སྲེག་བཏང་བ། སྦལ་པ་སོགས་གསོན་པགས་བཤུས་ཏེ། འཕག་ཚག་རྒྱག་བཞིན་བྲང་ཁོག་སྔོགས་པ། ཁྱི་གསོན་པོ་ཆུ་ཁོལ་ནང་ཐབ་ལ་བཙོ་བ། ཁྱི་དང་བ་གླང་གསོན་པོའི་ལྤགས་པ་མེ་རླབས་ཀྱིས་བཞོམ་ཏེ་གསོན་སྲེག་བཏང་ནས་ཟ་བ། ཉ་དང་སྤྲེའུ་གསོན་པོ་སྣུབ་བསྲེགས་བཏང་བའི་གཟུགས་པོའི་ཆ་ཤས་འགུལ་བསྐྱོད་གཏོང་བཞིན་དུ་ཧབ་ཆ་དང་དགོད་སྒྲའི་ཁྲོད་ནས་སྤྲེའུ་དང་ཉ་རྣམས་གསོན་པོར་ཟ་བ་སོགས་ནི། སྤྱི་ཚོགས་དྲྭ་ལམ་དུ་ཡོངས་ཁྱབ་ཟིན་པའི་དེང་སྐབས་རྒྱ་ནག་གི་ཉིན་རེའི་འཚོ་བ་དང་བསམ་སྤྱོད་ཡིན་པ་དེ་སྔོན་གུས་པས་རྩོམ་ཡིག་གཞན་ནང་གླེང་ཟིན་ཞིང་། དེ་རིང་གི་ནད་ཡམས་འདི་བྱ་ཕ་ཝང་གི་ཤ་ལས་བྱུང་བའི་དབང་དུ་བཏང་ན་ཡང་། གོང་འཁོད་ལྟར་རྒྱ་མི་རིགས་ཀྱིས་སྲོག་ལྡན་ཡོད་ཚད་ཟོས་པའི་ཀླ་ཀློའི་ཀུན་སྤྱོད་ཀྱི་མཇུག་འབྲས་ཡིན།
དེ་བཞིན་ཆེས་ཞེ་མེར་བ་ཞིག་ལ་ནད་ཡམས་ཕོགས་ཟིན་པའི་རྒྱ་མི་ཚོས་གློག་སྐས་དང་། སྣུམ་འཁོར། ལམ་ནང་གི་འགྲུལ་པ་དང། ཚལ་ཁྲོམ་སོགས་ལ་མཆིལ་མ་དང་ཁ་རླངས་བཏབ་ཅིང་། རང་གི་ནད་དུག་གཞན་ལ་བསྐུ་ཐབས་བྱེད་པ་དང་། ནུབ་ཕྱོགས་ཡུལ་གྲུ་ཁག་ནས་རྒྱ་མིའི་སློབ་ཕྲུག་ཕྱིར་ལོགས་བྱེད་ལོག་བྱེད་མཁན་ཁག་ཅིག་གིས་གལ་ཏེ་སོ་སོར་ནད་དེ་འགོས་ཟིན་ཡོད་ན། ནད་འབུ་དེ་ཐེ་ཝན་ལ་འཇོག་ཆེད། གནམ་གྲུ་ཐེ་ཝན་ནས་བརྗེ་པོ་རྒྱག་དགོས་ཟེར་མཁན་བྱུང་ཡོད་ལ། དེ་བཞིན་རྒྱ་ནག་ཏུ་ཐ་ན་རང་གི་ནད་ཡམས་དེ་གཞན་ལ་འགོ་བའི་དམོད་མོ་དང་སྨོན་ལམ་འདེབས་མཁན་བྱུང་བ་སོགས། རྒྱ་ནག་པོ་ནི་གཟུགས་གཞི་བདེ་ཐང་གི་ནད་རོ་ཡིན་པ་མ་ཟད། ཀུན་སྤྱོད་ཀྱི་ནད་རོ་ཡང་ཡིན་པ་རང་ངོ་སྤྲད་སོང་བས། མ་འོངས་པར་རྒྱ་ནག་གི་ཀུན་སྤྱོད་ནི། ཏོག་དབྱིབས་ནད་ཡམས་ལས་ཀྱང་ཉེན་ཁ་དང་འཇིགས་སྣང་ཆེ་བ་ཤེས་དགོས།
དེ་དང་འབྲེལ་བོད་མི་ཚོར་དྲན་སྐུལ་ཞུ་རྒྱུར། ང་ཚོས་ད་བར་རྒྱ་ནག་སྲིད་གཞུང་དང་རྒྱ་ནག་མི་མང་བར་དཀར་ནག་གི་དབྱེ་བ་ཇི་ལྟར་འབྱེད་ཀྱང་། དོན་ངོ་མར་རྒྱ་ནག་གཞུང་དང་རྒྱ་ནག་མི་མང་བར་སྤྱང་ཁུ་དཀར་པོ་དང་ནག་པོའི་ཁྱད་པར་ཙམ་ལས། སྤྱང་ཀི་ཡིན་པ་གཅིག་མཚུངས་དང་། དེ་ཡང་རང་དབང་གི་ཁོར་ཡུག་དང་། བདེན་དོན་གྱི་གོ་རྟོགས་ཡོད་པའི་རྒྱ་མི་ཕལ་ཆེ་བའི་ཀུན་སྤྱོད་ཀྱང་རྒྱ་མི་བྱིངས་དང་གཅིག་མཚུངས་ཡིན་པ་ཇེ་གསལ་དུ་སོང་ཡོད་པས། དེ་དོན་ཤེས་རྟོགས་དང་ངོས་ལེན་དགོས་གལ་ཆེ།
རྒྱ་མི་ནི་དེ་རིང་ཀོ་རོ་ནཱ་རྒྱ་ནད་ཀྱི་ནད་རྟགས་ཙམ་མིན་པར། ཀུན་སྤྱོད་ཀྱི་ནད་རྟགས་ཤིག་ཀྱང་ཡིན་པས། འཛམ་གླིང་གི་དཔལ་ཡོན་ལ་རྒྱ་མི་ནི་ཆག་སྒོ་ཆེན་པོ་ཞིག་སྟེ། རྒྱལ་ཁབ་གང་དུ་རྒྱ་མི་མང་དུ་སོང་ན། མ་འོངས་པར་དམངས་གཙོ་དང་རང་དབང་སོགས། ཡུལ་དེའི་དཔལ་ཡོན་དང་ཀུན་སྤྱོད་ལ་ཆག་སྒོ་མུ་མཐུད་ཡོང་ངེས་རེད།
ཞིས་ཅིང་ཕིང་གིས་བརྒྱུད་གཅིག་ལམ་གཅིག་ཟེར་བས་འཛམ་གླིང་རྒྱལ་ཁབ་ཁག་ལ་ནད་ཡམས་འདི་ཕྱིར་གཏོང་བྱེད་ནས། ངོ་ཚ་དེ་རྒྱ་ནག་ལ་ནང་འདྲེན་བྱ་རྒྱུ་ཡིན་པ་འདྲ། དོན་དངོས་ཐོག་ནད་ཡམས་འདིའི་ཐོག་མའི་འབྱུང་ཁུངས་དང་བརྒྱུད་ལམ་ནི་རྒྱ་ནག་གཅིག་པུ་ཡིན་པས། རྒྱལ་སྤྱིའི་ཐོག་ཚེ་སྲོག་ཤོར་བ་དང་། འཇིགས་དངངས་སློང་བ་སོགས། དེ་དང་འབྲེལ་བའི་ཆག་སྒོ་ཡོད་ཚད་ཀྱི་འགན་འཁུར་ཡང་རྒྱ་ནག་གཅིག་པུས་འཁྱེར་དགོས།
དེ་ནི་རྒྱ་ནག་ལ་དབང་བའི་ལས་དང་ལམ་གཅིག་པུ་དེ་ཡིན་པས། བརྒྱུད་གཅིག་ལམ་གཅིག་ཟེར་བ་ནི། ཅི་འདྲའི་མིང་དོན་མཚུངས་པ་ཞིག་རེད་མི་འདུག་གམ།
ཡོ་རོབ་ཏུ་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་ཁས་ལེན་བྱེད་མཁན་གཅིག་པུ་དེ་དབྱི་ཊ་ཡིན་པའི་མཇུག་འབྲས་སུ། ཡོ་རོབ་ལ་རྒྱ་ནད་ཀྱི་འཇིགས་སྐྲག་ཆེ་ཤོས་ནང་ཚུད་པའི་རྒྱལ་ཁབ་དང་པོ་དེ་ཡང་དབྱི་ཊ་ལི་ཆགས་ཡོད།
ཐོག་མར་དབྱི་ཊ་ལིས་རྒྱ་ནག་གི་དཔལ་འབྱོར་མངར་ཁ་ལ་རེ་ནས། བརྒྱུད་གཅིག་ལམ་གཅིག་གི་བཟོ་ཚོང་ཁག་བཙུགས་ཀྱང་། ད་ལྟ་རྒྱ་ནད་དེས་འགྲིམ་འགྲུལ་བཀག་བསྡོམས་དང་། ཟ་ཁང་སྟོང་པར་གྱུར་པ། དེ་བས་སྨན་བཅོས་དང་ཚེ་སྲོག་གི་གྱོང་གུད་གསབ་མི་ཐུབ་པ་ཕོག་བཞིན་པ་ནི། བརྒྱུད་གཅིག་ལམ་གཅིག་ལ་བརྟེན་ནས་དབྱི་ཊ་ལིར་ཐོབ་པའི་ཁེ་སངས་ཡིན་ཟེར་དགོས་པ་མིན་ནམ།
དེ་བཞིན་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་ཁས་བླངས་པའི་དབྱི་རན་ནི། ཨ་རབ་ཁུལ་ནས་རྒྱ་ནད་དེའི་འཇིགས་སྐྲག་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཡིན།
མདོར་ན། དབྱི་ཊ་ལི་དང་དབྱི་རན་གཉིས་ནི་རྒྱ་ནག་གི་ནད་ཡམས་དེ་འཛམ་གླིང་ལ་འགོ་སའི་བརྒྱུད་ལམ་ལྟ་བུར་གྱུར་ཡོད། དེ་ཡང་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་བརྒྱུད། རྒྱ་ནད་དེ་རྒྱ་ནག་ནས་དབྱི་ཊ་ལི་དང་། དབྱི་ཊ་ལི་ནས་ཡོ་རོབ་ཧྲིལ་པོ་དང་། ད་དུང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་སོགས་ལ་ཁྱབ་ཅིང་། དེ་བཞིན་རྒྱ་ནག་ནས་དབྱི་རན་དང་དབྱི་རན་ནས་ཨ་རབ་ཁུལ་དང་། ཨ་རིའི་ནིའུ་ཡོག་སོགས་ལ་རྒྱ་ནད་དེ་ཁྱབ་ཡོད།
འདི་ནི་བརྒྱུད་གཅིག་ལམ་གཅིག་གིས་འཛམ་གླིང་ལ་ཁྱེར་ཡོང་བའི་ཆག་སྒོ་ཆེན་པོ་ཞིག་དང་། རྒྱ་ནག་གི་སྡིག་ཉེས་ཚབས་པོ་ཆེ་ཞིག །
ངས་མ་འོངས་ལུང་བསྟན་དང་ཁག་ཐེག་ཐུབ་པ་ཞིག་ལ། དབྱི་ཊ་ལི་ལྟར་ཤར་ནུབ་ཀྱིི་ཡུལ་གྲུ་ཚོས་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་ཁས་ལེན་བྱེད་ན། དེ་རིང་རྒྱ་ནད་དེས་འཛམ་གླིང་མི་དམངས་ཀྱི་ཚེ་སྲོག་འཇོམས་ཤིང་། སང་ཉིན་རྒྱ་ནག་ཀླ་ཀློའི་ཀུན་སྤྱོད་དེས་འཛམ་གླིང་གི་དམངས་གཙོ་དང་ཞི་བདེའི་དཔལ་ཡོན་ལ་ཡང་གནོད་སྐྱོན་ཚབས་ཆེན་གཏང་ངེས། འདི་ནིའི་བོད་མིའི་གཏམ་དཔེར། ཁྱི་དང་ཉེ་ན་རྨ་དང་ཉེ་ཞེས་པ་དེ་ཡིན།
ནད་ཡམས་དེ་རང་བཞིན་གྱི་ནད་རིམས་ཞིག་ཡིན་ཚེ། དེ་རྒྱ་ནག་གི་ནག་ཉེས་རེད་ཅེས་བརྗོད་མི་ཐུབ་ཀྱང་། རྒྱ་ནག་གིས་ནད་ཡམས་འདི་ཡུན་རིང་གསང་བ་བྱས་ཏེ། འཛམ་གླིང་ཡོངས་ལ་འགོས་ཁྱབ་བྱུང་བ་ནི། རྒྱ་ནག་གིས་གཡོལ་ཐབས་མེད་པའི་ནག་ཉེས་ཚབས་ཆེན་ཡིན།
དེ་ཡང་སྤྱི་ལོ ༢༠༡༩།༡༢།༣༠ ཉིན་ཝུ་ཧན་གྲོང་ཁྱེར་གྱི་སྨན་པ་ལི་ཝེན་ལིས་གྲོང་ཁྱེར་དེར་གློ་ཚད་འགོས་ནད་འདུག་པས། ལས་རོགས་ཚོས་ནད་འགོག་ཡོ་ཆས་གྱོན་ནས་ཡིད་གཟབ་དགོས་སྐོར་སྐད་འཕྲིན་ནང་ལན་བསྐུར་བས། ཉེན་རྟོག་པས་ཁོང་འཛིན་བཟུང་གིས་དཀྲོག་གཏམ་སྤེལ་ནས་ཆིག་སྒྲིལ་གཏོར་བརླགས་གཏོང་བ་ཟེར་བའི་ནག་ཉེས་ངོས་ལེན་གྱི་མིང་རྟགས་འགོད་བཅུག་པ་དང་། སྤྱི་ལོ ༢༠༢༠།༢།༦ ཉིན་སྨན་པ་ཁོང་ཡང་ནད་ཡམས་དེ་ཕོག་ནས་ཚེ་སྲོག་ཤོར།
དེ་ལྟར་རྒྱ་ནག་གིས་ནད་དེ་ཟླ་བ་གཉིས་ལ་ཉེ་བར་གསང་བ་བྱས་ཤིང་། ནད་ཡམས་དེ་ཐོག་མར་རྒྱ་ནག་ལ་བྱུང་དུས་ས་གནས་ས་ཐོག་ནས་འགྲོ་བ་མིའི་ཚེ་སྲོག་ལ་འགན་འཁུར་བའི་ཉེན་བརྡ་དང་། ཚད་ལྡན་གྱི་འགོག་སྲུང་མེད་པ་མ་ཟད། ནད་ཡམས་དེ་ལྟར་འབྱུང་བཞིན་པའི་དོན་དངོས་སྨྲ་མཁན་ལ་གོང་གསལ་ལྟར་དཀྲོག་གཏམ་སྤེལ་མཁན་རེད་ཟེར་བའི་ཉེས་ཁག་གཡོགས་ནས་ཆད་པ་བཅད་དེ། ནད་ཡམས་སྐོར་སྦས་ཐབས་བྱས།
འོན་ཀྱང་རྒྱ་ནག་གི་སྨན་བཅོས་ནུས་པས་ནད་ཡམས་དེ་འགོག་བཅོས་མ་ཐུབ་པས། མཐར་གསང་བའི་ནད་ཡམས་དེ་སྦས་འགེབས་མ་ཐུབ་པ་དང་། ནད་པ་གཙོ་བོ་བྱས་པའི་ས་གནས་དེའི་མི་གྲངས་ས་ཡ་ལྔ་ཙམ་ནད་དུག་དང་པོ་ཐོན་ཡུལ་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་རྒྱ་ནག་གི་ས་གནས་གཞན་དང་འཛམ་གླིང་ཤར་ནུབ་ཏུ་ཐོན་ཟིན་རྗེས་མ་གཏོགས། རྒྱ་ནག་གིས་ནད་ཡམས་དེའི་སྐོར་རྒྱལ་སྤྱིར་གསང་བ་བྱས་ནས་སྦས།
ད་ལྟ་རྒྱ་ནག་གིས་ནད་ཡམས་འགོག་བཅོས་བྱས་ཟིན་ཚུལ་གྱི་ཧམ་པ་ཅི་ཙམ་བཤད་ཀྱང་། དོན་ངོ་མར་རྒྱ་ནག་ནང་ཁུལ་གྱི་ནད་ཡམས་དེ་རྒྱ་ནག་རང་གིས་དུས་ཐོག་འགོག་བཅོས་མ་ཐུབ་པར་བརྟེན། མཐར་རྒྱ་ནག་ཝུ་ཧན་བརྒལ་ནས་རིམ་བཞིན་དབྱི་ཊ་ལི་གཙོས་ཡོ་རོབ་དང་། ལྷོ་ཀོ་རི་ཡ་གཙོས་ཨེ་ཤ་ཡ། དབྱི་རན་གཙོས་དཀྱིལ་ཤར་ཡུལ་གྲུ་སོགས། འཛམ་གླིང་ཧྲིལ་པོར་ཁྱབ་པས། ང་སྡོད་སའི་ནིའུ་ཡོག་མངའ་སྡེ་གཅིག་པུར་མཚོན་ན། བདུན་ཕྲག་འདིའི་རེས་གཟའ་ཕུར་བུ་དང་པ་སངས་གཉིས་ལ་མི་གྲངས་གྱ་བཞི་རྒྱ་ནད་དེས་གྲོངས་པ་དང་། ད་ལྟའི་ཆར་ནིའུ་ཡོག་ཏུ་ཆ་སྙོམ་རྒྱ་ནད་དེས་སྐར་མ་བཅུ་བདུན་རེའི་ནང་དུ་མི་རེ་གསོད་ཀྱི་ཡོད།
ཁྱོན་བསྡོམས་འཛམ་གླིང་ནང་སྤྱི་ཟླ་གསུམ་པའི་ཚེས་ཉེར་བདུན་བར་དུ། ཉུང་མཐར་ཡང་མི་གྲངས་ལྔ་འབུམ་སུམ་ཁྲི་ལྷག་ལ་ནད་དུག་དེ་འགོས་ཟིན་པ་དང་། མི་གྲངས་ཉིས་ཁྲི་བཞི་སྟོང་ལྷག་གི་ཚེ་སྲོག་ཤོར་ཡོད།
དེ་ལྟར་རྒྱ་ནག་གིས་ནད་ཡམས་སྦས་གསང་བྱས་ཏེ། ནད་ཡམས་དེ་རྒྱལ་སྤྱིར་ཁྱབ་སྤེལ་གྱིས་འཛམ་གླིང་ཧྲིལ་པོར་གོད་ཆག་བཟོས་པའི་ནག་ཉེས་ངོས་ལེན་དང་། གུན་གསབ་འཇལ་དགོས་པའི་ཁྲིམས་གཏུགས་ངེས་པར་བྱ་དགོས་པ་མ་ཟད། རྒྱལ་སྤྱིའི་རང་དབང་ལྡན་པའི་ཚད་ལྡན་གྱི་ཞིབ་འཇུག་ཚོགས་ཆུང་བཙུགས་ཏེ། ནད་ཡམས་དེའི་བརྒྱུད་རིམ་ཆ་ཚང་ཞིབ་འཇུག་གི་ལམ་ནས་འཛམ་གླིང་མི་མ་ལ་གསལ་པོ་བཟོས་ནས། ལོ་རྒྱུས་ནང་གསལ་པོ་འགོད་དགོས། དེ་ལྟར་མ་བྱེད་ན་ངན་པ་རྒྱ་ཡན་ལ་འགྲོ་ནས། མ་འོངས་པར་ཡང་རྒྱ་ནག་དང་རྒྱ་ནག་ལྟ་བུའི་ངོ་ཚ་ཁྲེལ་མེད་ཀྱི་རྒྱལ་ཁབ་ཁག་གིས་འཛམ་གླིང་ལ་ནད་ཡམས་ཁྱབ་སྤེལ་སོགས། འཛམ་གླིང་ལ་བསམ་དཀའ་བའི་གོད་ཆག་བཟོ་ངེས་རེད།
རྒྱ་ནད་དེས་ད་ཆ་ཧ་ལམ་གོ་ལ་ཧྲིལ་པོར་ཚོང་ཁང་དང་ཟ་ཁང་སོགས་སྒོ་བརྒྱབ་སྟེ། ལས་བདག་དང་ལས་མི་གཉིས་ཀར་ཚོང་དང་ལས་ཀ་མེད་པའི་དཀའ་ངལ་འོག་བཙུད་པ་མ་ཟད། རྒྱལ་ཁབ་ཁག་གིས་རྒྱ་ནད་དེ་འགོག་བཅོས་སླད། སྒོར་མོ་ཐེར་འབུམ་མང་པོའི་འགྲོ་གྲོན་གཏང་དགོས་པར་གྱུར་ཡོད། དཔེར་ན་ཨ་རིར་མཚོན་ན་ནད་ཡམས་དེ་བཅོས་པར་དབུས་གཞུང་གཅིག་པུས་ཨ་སྒོར་ཁྲག་ཁྲིག་ཆེན་པོ་གཉིས་ཀྱི་སྔོན་རྩིས་སྤྲད་ཡོད།
འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ནད་ལ་བརྟེན་ནས་ལག་པ་འཕར་མ་བཀྲུས་པའི་ཆུ་ཡི་འགྲོ་གྲོན་གཅིག་པུ་ཡང་ཨ་སྒོར་འབུམ་ཕྲག་མང་པོ་གནས་ཡོད་ཅིང་། དེ་ནི་འགྲོ་གྲོན་གྱི་གནད་དོན་གཅིག་པུ་མིན་པར། གོ་ལ་ཧྲིལ་པོར་ཆུ་དང་ཁོར་ཡུག་གི་དཀའ་ངལ་འཕྲད་བཞིན་པར། རྒྱ་ནག་གིས་སྡུག་ཐོག་སྡུག་བཞག་པའི་ནག་ཉེས་རེད། དབུགས་འཐེན་ཡོ་ཆས་རེ་ལ་དེ་སྔོན་ཨ་སྒོར ༢༥ ༠༠༠ ཡིན་ཡང་། ད་ལྟ་ཨ་སྒོར་༤༥ ༠༠༠ བྱས་ནས་ཉོ་དགོས་པ་ཆགས་ཡོད་ལ། དེ་ཡང་ཉོ་ས་མི་རག་པའི་ཚད་དུ་སླེབས་ཡོད།
ད་དུང་ནད་ཡམས་དེ་མགྱོགས་མྱུར་གཙང་སེལ་མ་ཐུབ་ཚེ། འཛམ་གླིང་གི་དཔལ་འབྱོར་སྤྱི་ལོ ༢༠༠༨ ལས་སྡུག་པ་ཉམས་གུད་འགྲོ་ཉེན་ཆེ་བའི་ཚད་དུ་བསྐྱལ་བས། འཛམ་གླིང་མི་གྲངས་ས་ཡ་བརྒྱ་ཕྲག་ལས་མེད་དུ་འགྱུར་རྒྱུའི་ཉེན་ཁ་ཡོད་སྐོར་གླེང་།
དེ་ལས་སྐྱི་ཡ་བ་ནི། རྒྱལ་སྤྱིའི་ཁྱོན་ཡོངས་ལ་མི་གྲངས་འབུམ་ཕྲག་དུ་མར་རྒྱ་ནད་འགོས་ཟིན་པས། དམག་འཁྲུག་གི་དུས་སྐབས་ལྟར། རྒྱལ་ཁབ་སོ་སོའི་སྨན་ཁང་ཁག་ཏུ་ནད་པས་ཁེངས་ཏེ། རྒྱ་ནད་ཀྱིས་འགྲོ་བ་མིའི་དབུགས་ཀྱི་རྒྱུ་བ་རེ་རེ་བཞིན་འཕྲོགས་པས། ནང་མི་བཟའ་ཚང་ཁ་བྲལ་བཏང་སྟེ། གོ་ལ་ཧྲིལ་པོར་རྒྱ་ནད་ཀྱིས་འཆི་བའི་འཇིགས་སྐྲག་དང་འོ་དོད་ཀྱིས་ཀློང་དུ་བསྐྱལ་བས། རྒྱ་ནད་ལ་འཇིགས་ནས་སྨན་ཞབས་དང་། ནད་པ་རང་ཤི་རྒྱག་པའི་འུ་ཐུག་གི་གནས་སུ་གྱར་ནས་ཡོད།
འདུ་འཛོམས་ཆེ་བའི་ནིའུ་ཡོག་གི་དུས་ཀྱི་བཞི་མདོ་ Times Square ལྟ་བུའི་འཛམ་གླིང་གི་ལམ་ཆེན་དང་སྲང་བར་གྱི་མི་ཚོགས་བཙན་གྱིས་ཁྱིམ་དུ་བཅུག་སྟེ། མྱ་ངན་གྱི་ཐང་ལྟར་སྐྱོ་ཞིང་སྐྱི་ཡ་བའི་སྟོང་པར་བྱས།
དེ་བཞིན་ཇ་ཁང་ཆང་ཁང་གི་དགོད་སྒྲ་དང་རོལ་དབྱངས་ཡལ་བར་བྱས་ཤིང་། གློག་སྒྲོན་གྱི་འོད་སྣང་བསད་དེ། མཛེས་སྡུག་གི་འཇིགས་རྟེན་མུན་ནག་གིས་བཅོམ་པར་བྱས།
བེམ་རོའི་རླངས་འཁོར་རུ་སྟར་སྒྲིག་པའི་གཞུང་ལམ་ཁེངས་ཤིང་། མི་རོ་སྲེག་པའི་དུ་བས་ཉི་ཟླ་སྒྲིབ་པའི་མུན་ནག་གི་དུས་སྐབས་ཤིག་མགོ་ཐོག་ལ་ལྷུང་ནས་ཡོད། འདི་ནི་རྒྱ་ནག་གིས་གོ་ལ་ཧྲིལ་པོར་སྤྲད་པའི་ཆག་སྒོ་རེད།
ཏོག་དབྱིབས་ནད་ཡམས་ནི་རྒྱ་ནག་གི་ཐོན་རྫས་ཞིག་དང་། རྒྱ་མི་ནི་ད་ལྟ་ནད་རྟགས་ཤིག་ཏུ་གྱུར་པས། དབྱིན་ཡུལ་དང་ཨ་རི་སོགས་ནས་ཁོང་ཁྲོ་མི་བཟོད་པར་རྒྱ་མི་ལ་ཉེས་རྡུང་གཏོང་འགོ་བཙུགས་པ་དང་། ལྷོ་ཀོ་རི་ཡ་དང་དབྱི་ཊ་ལི་སོགས་ནས་རྒྱ་མི་རྣམས་རྒྱ་ནག་ཏུ་ཕྱིར་ལོགས་ཕྱིར་འབུད་དགོས་པའི་ངོ་རྒོལ་བྱེད་བཞིན་ཡོད།
རང་བཞིན་གྱི་ནད་ཡམས་ནི་ཡུལ་དུས་གང་ལ་ཡང་ཐོན་སྲིད་ཅིང་། དེ་ལ་རོགས་རམས་དང་གདུང་སེམས་མཉམ་སྐྱེད་བྱ་དགོས་པ་ལས། ངོ་རྒོལ་དང་སྐྱོན་འཛུགས་བྱེད་པ་འོས་འཚམས་དང་དྲང་བདེན་མིན་ཡང་། དེ་རིང་གི་རྒྱ་ནད་འདི་རང་བཞིན་གྱི་ནད་ཡམས་ཡིན་ནམ། ཡང་ན་རྒྱ་ནག་གིས་ཆེད་བཟོས་ནད་འབུ་གང་ཡིན་དྲི་བའི་ཀློང་དུ་ཡོད་པ་དང་། ལྷག་པར་རྒྱ་ནག་གིས་ནད་ཡམས་དེ་ཟླ་བ་གཉིས་ལྷག་སྦས་འགེབས་བྱས་ཏེ། རྒྱལ་སྤྱིར་གསང་བའི་ངང་ནས་རྒྱ་ནད་དེ་ཁྱབ་བརྡལ་བྱུང་བ་ཧ་ཅང་གསལ་པོ་ཡིན་པས། འཛམ་གླིང་མི་མང་རྒྱ་ནག་ལ་ཁྲོང་ཁྲོ་མི་ཟ་བ་ཅི་ལ་སྲིད།
ཕྱུག་བདག་ཀོ་ཝིན་ཀོས་རྒྱ་ནག་ཏུ་ནད་དེས་མི་ལྔ་ཁྲི་ལྷག་གྲོངས་པ་དང་། མི་ས་ཡ་ལྔ་ལྷག་ལ་ནད་དེ་འགོས་ཡོད་པ་བཤད་ཡོད་ཀྱང་། རྒྱ་ནག་གཞུང་གིས་སྤྱི་ཟླ་གཉིས་པའི་ཚེས་ཉེར་དྲུག་བར་དུ་མི་ཉིས་སྟོང་བདུན་བརྒྱ་སྲོག་ཤོར་བ་དང་། མི་ཁྲི་བདུན་ལྷག་ལ་མ་གཏོགས་ནད་དེ་འགོས་མེད་ཚུལ་སྐྱག་རྫུན་བཤད་པ་མ་ཟད། ཉིན་ཤས་གོང་ནད་ཡམས་དེའི་ཁྱབ་ཚད་དང་ཤི་ཚད་ཧ་ཅང་ཚབས་ཆེན་ཡིན་བཞིན་དུ། གློ་བུར་ནད་དེའི་ཤི་ཚད་དང་འགོས་ཚད་མར་ཆག་ཟིན་ཚུལ་དང་། ནད་ཡམས་འགོག་བཅོས་དང་། མི་དམངས་ལ་དགོས་མཁོ་སྒྲུབ་པ་ཚད་མཐོ་ཡིན་པས། ནད་ཡམས་ལས་རྣམ་པར་རྒྱལ་ཡོད་སྐོར་རྫུན་གཏམ་སྤེལ་གྱི་ཡོད།
འོན་ཀྱང་། ཉེ་ལམ་རྒྱ་ནག་གི་སྲིད་བློན་གཞོན་པ་ཝུ་ཧན་དུ་སྐོར་སྐྱོད་སྐབས། གྲོང་མི་ཚོས་“འདི་དག་ཚང་མ་རྫུན་མ་རེད། ང་ཚོས་ངོ་རྒོལ་བྱེད་”ཅེས་སྒེའུ་ཁུང་ནས་སྐད་འབོད་བྱས་པ་དང། དེ་བཞིན་བདུན་ཕྲག་སྔོན་མར་ཀོང་ཏུང་ཞིང་ཆེན་ཁུལ་དུ་ཕུང་པོ་སྲེག་མཁན་གྱི་ལས་མི་མང་པོ་གསར་བསྡུ་བྱེད་པ་དང་། ཝུ་ཧན་རང་དུ་ནད་ཡམས་ཁྱབ་རྒྱ་ཆེ་རུ་འགྲོ་བཞིན་པ་དང། འབྲེལ་ཡོད་སྨན་པས་རྒྱ་ནག་ཏུ་ས་ཆ་ཕལ་ཆེ་བར་ནད་དུག་དེ་བརྟག་དཔྱད་བྱེད་མཚམས་བཞག་ནས་ཏོག་དབྱིབས་ནད་པ་དག་སྤྱིར་སྟངས་གློ་ནད་དུ་བཤད་དེ། ཏོག་དབྱིབས་ནད་པའི་གྲངས་འབོར་སྦས་འགེབས་ཉུང་འཁྲི་བྱེད་ཀྱི་ཡོད་པ།
ལྷག་པར་ཆེས་བདེན་དཔང་འཕེར་ཞིང་སྐྱི་ཡ་བ་ཞིག་ལ། ཉེ་བའི་ཟླ་བ་གཉིས་ལྷག་རིང་རྒྱ་ནག་གི་ཁ་པར་ས་ཡ་བཅུ་བཞི་བེད་སྤྱོད་གཏོང་མཁན་མེད་པར་གྱུར་པ་སོགས་ཀྱི་གནས་ཚུལ་རིམ་པས་ཕྱི་རུ་གྱར་བཞིན་ཡོད་ཅིང་། དེ་དག་ལས་ཁ་པར་གཉིས་སྤྱོད་བྱེད་མཁན་དང་། ཁ་པར་བོར་བརླགས་སོང་བ། ཁ་པར་བདག་པོ་རྒྱལ་ཁབ་གཞན་དུ་སོང་བ་སོགས་ཆེས་མང་ཤོས་ཀྱི་དབང་དུ་བཏང་ཡང་ས་ཡ་གཅིག་ཙམ་ལས་བརྒལ་མི་སྲིད་པས། དེ་མིན་ཁ་པར་བདག་པོ་ས་ཡ་བཅུ་གསུམ་དེ་དག་ལ་ནད་ཡམས་གཙོས། དེ་འབྲེལ་ཆག་སྒོ་ཆེན་པོ་ཞིག་གིས་འཆི་ཟིན་པའམ། འཆི་ལམ་དུ་ཡོད་པ་ཚོད་དཔགས་ཐུབ་ངེས་རེད། གོང་གསལ་གནད་དོན་ཁག་ནི་རྒྱ་གཞུང་གིས་བཤད་པ་དང་དོན་དངོས་ཟློག་ཕྱོགས་ཡིན་པའི་བདེན་དཔང་ཡིན།
ད་དུང་བློ་ཕམ་དགོས་པ་ཞིག་ལ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཀྱང་རྐུན་རྒྱབ་རྫུན་ལངས་དང་། ཁྱི་སྤྱང་ལག་འབྲེལ་བྱས་ནས་རྒྱ་ནད་ལ་རྒྱ་ནད་ཅེས་མ་བོས་པར། COVID-19 ཟེར་མིང་བཏགས་ནས་རྒྱ་ནག་གི་ནག་ཉེས་འགེབས་སྲུང་བྱས་པ་དང་། རྒྱ་ནག་གཞུང་གིས་བཤད་པའི་ནད་པ་དང་ཤི་བོའི་གྲངས་ཚད་དེ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་མུ་མཐུད་བསྐྱར་ཟློས་བྱེད་བཞིན་ཡོད་ཅིང་། ཐེ་ཝན་གྱིས་སྔ་ལོའི་སྤྱི་ཟླ་བཅུ་གཅིག་པའི་ནང་རྒྱ་ནག་ཏུ་ནད་ཡམས་དེ་འདྲ་ཞིག་ཡོད་སྐོར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་སྙན་སེང་ཞུས་ཀྱང་། གནས་ཚུལ་དེ་འབྱོར་བྱུང་ཟེར་བ་ཙམ་ལས། ནད་ཡམས་དེའི་སྐོར་འཛམ་གླིང་དུ་ཕྱིར་བསྒྲགས་དང་སྔོན་འགོག་བྱས་མེད། དེ་བཞིན་ནད་འབུ་ཁྱབ་བཞིན་པའི་དུས་རིམས་བར་མའི་སྐབས་སུ་ནད་ཡམས་དེ་རྒྱལ་སྤྱི་རང་བཞིན་གྱི་ཛ་དྲག་མ་རེད་ཟེར་ནས། དུས་ཐོག་འཛམ་གླིང་མི་དམངས་ལ་ནད་ཡམས་འགོག་སྲུང་གི་ཉེན་བརྡ་དང་ལམ་སྟོན་མ་བྱས་པར། རྒྱ་ནག་གི་ནག་ཉེས་སྦས་འགེབས་ཐུབ་ཐབས་བྱེད་པ་བཅས་ནི། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལས་དོན་འཐུས་ཤོར་ཚབས་ཆེན་དང་ངོ་ཚ་ཡིན་པས། ཁོང་ཚོས་དེ་ལྟར་རྒྱ་ནག་གི་སྐྱག་རྫུན་ལ་བདེན་ཁ་སྟེར་དགོས་དོན་ཅི་ཡིན་ཞིབ་འཇུག་དགོས་ངེས་མ་ཟད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགན་འཛིན་ཊེ་ཌི་རོསི།ཨན་རྡ་ནོམ་ Tedros Adhanom གཙོས་འབྲེལ་ཡོད་རྣམས་ལས་སྣེ་ལས་ཕྱིར་འབུད་དང་། ཁོང་ཚོ་ངེས་པར་ཁྲིམས་སར་བསྐྱར་ཏེ་བཙོན་འཇུག་བྱས་ནས། འཛམ་གླིང་མི་དམངས་ཁྲི་སྟོང་གི་ཚེ་སྲོག་ཤོར་བའི་གྱོང་གུད་བཙོན་འོག་ནས་འཇལ་བཅུག་དགོས།
ད་ལྟ་རྒྱ་ནག་གིས་ནད་ཡམས་དེ་ལས་རྣམ་པར་རྒྱལ་བཞིན་ཡོད་ཟེར་བའི་སྐྱག་རྫུན་ཇི་ལྟར་བཤད་ཀྱང་། དོན་དུ་རྒྱ་ནག་གཞུང་གི་ཆབ་སྲིད་གྲོས་ཚོགས་དང་། མི་དམངས་འཐུས་མི་ཚོགས་ཆེན་ཟེར་བ་གཉིས་ཀ་ད་དུང་ཡང་ཕྱིར་འགྱངས་བྱས་ནས་བསྡད་ཡོད་པ་ནི། རྒྱ་ནག་ཏུ་ནད་དེ་བཀག་སྡོམ་ཚོད་འཛིན་ཐུབ་མེད་པ་མ་ཟད། ད་དུང་ཡང་རྒྱ་ནག་ཏུ་ནད་དེ་ཧ་ཅང་ཚབས་ཆེན་ཡིན་པའི་བདེན་དཔང་ཡིན་ཞིང་། འདི་ནི་རྒྱ་ནག་མི་མང་དང་རྒྱ་ནག་གཞུང་ལ་ལས་འབྲས་ཀྱི་རྣམ་སྨིན་འཁོར་བ་ཞིག་ཀྱང་ལོས་ཡིན་སེམས།
གང་ལགས་ཞེ་ན། བོད་ས་འཕྲོགས་ཤིང་བོད་མི་ཁྲི་སྟོང་མང་པོ་དམར་གསོད་བཏང་བ་དང། ང་ལྟ་བུ་གསོན་པོ་རྣམས་ཀྱང་གཞིས་བྱེས་ཁ་བྲལ་དགོས་བཟོས་པས། ད་ལྟའི་དེའི་རྣམ་སྨིན་ལྟ་བུར། ནད་ཡམས་དེས་རྒྱ་མི་རྣམས་སྨན་ཁང་ཕྱི་ནང་དུ་ནང་མི་གསོན་པོ་ཁ་བྲལ་དགོས་པ་སོགས། རྒྱ་མི་ཚོའི་བདེ་སྐྱིད་དང་ཚེ་སྲོག་རྒྱ་ནད་འདིས་འཕྲོག་བཞིན་ཡོད། དེ་བཞིན་རྒྱུན་ལྡན་བོད་མི་འདུ་འཛོམས་དང་། དགོན་སྡེའི་བྱེད་སྒོ་ཁག་རྒྱ་གཞུང་གིས་ཡང་ཡང་བཀག་པས། དེ་རིང་ནད་ཡམས་དེས་རྒྱ་ནག་གི་ཚོགས་ཆེན་གཉིས་ལ་སོགས་པའི་རྒྱལ་དོན་གྱི་བྱ་འགུལ་བཀག་བསྡོམས་བྱས།
ད་དུང་རྒྱ་ནག་གིས་བོད་མི་གཞིས་བྱེས་བར་དུ་མི་ལོ་དྲུག་ཅུ་རིང་འགྲོ་འོང་བཀག་པའི་རྣམ་སྨིན་ལྟ་བུར། ད་ལྟ་ནད་ཡམས་དེས་རྒྱ་ནག་དང་རྒྱལ་སྤྱི་བར་དུ་འགྲོ་ཡོང་བཅད་ནས་ཡོད།
ད་ནས་རྒྱ་གཞུང་གིས་སོ་སོའི་མང་ཚོགས་ལ་འགན་འཁུར་ལེན་སེམས་དང་། འཇོན་ནུས། དེ་བཞིན་མི་མང་གིས་གཞུང་ལ་ཡིད་ཆེས་ཅི་ཙམ་ཡོད་པའི་སྐོར་ནས་རོབ་ཙམ་གླེང་།
ཨ་རི་ལ་རྒྱ་ནད་འགོས་པའི་དྭོགས་ཡོད་ཚོས་སོ་སོ་རང་མོས་ཀྱིས་སྨན་ཁང་དུ་འགྲོ་ནས་བརྟག་དཔྱད་བྱེད་ཀྱི་ཡོད་མོད། རྒྱ་ནག་ཏུ་གཞུང་གིས་ནད་པ་སྨན་ཁང་ལ་བཙན་གྱིས་འཁྲིད་དགོས་ཀྱི་ཡོད། དེ་ནི་མི་དམངས་ཀྱིས་སྨན་ཁང་དང་སྲིད་གཞུང་ལ་ཡིད་ཆེས་ཡོད་མེད་ཀྱི་རྒྱུ་མཚན་གསོན་པོ་ཡིན།
རྒྱ་ནག་གཞུང་གིས་ནད་དུག་དེ་འགོག་མི་ཐུབ་པའི་འཇིགས་སྐྲག་དང་ངོ་ཚ་འོག ནད་དུག་ཡོད་པའི་དྭོགས་ཡོད་རྣམས་བཙན་གྱིས་ཁྲིད་དེ། སྨན་པ་དང་སྨན་གྱི་མཐུན་རྐྱེན་གང་ཡང་མེད་པའི་ཁང་སྟོང་ནང་བཅུག་སྟེ། ནད་པ་ཡིན་མིན་ཅི་རིགས་ཤི་སྒུག་རྒྱག་བཅུག་པས། ནད་ཡམས་དེའི་འཇིགས་སྐྲག་འོག་ནས་རང་ཤི་རྒྱག་ཐབས་བྱེད་མཁན་ཡང་བྱུང་ཡོད།
དེ་ལས་སྐྱི་ཡ་བ་ཞིག་ལ། རྒྱ་གཞུང་གིས་སྨན་ཁང་དུ་ནད་པ་མ་ཤི་གོང་ནས་སྨན་ཁབ་དང་ཡངས་རླུང་མཚམས་འཇོག་པ་དང་། གསོན་པོར་རོ་བླུག་སའི་ནང་བཅུག་ནས་ཕུང་པོ་མེར་སྲེག་གཏང་ཡུལ་དུ་འཁྱེར་འགྲོ་བ་དངོས་སུ་མཐོང་མཁན་ཚོས་བརྙན་ལམ་དུ་སྤེལ་ཡོད།
དེར་བརྟེན། སྨན་ཁང་དུ་འགྲོ་བ་ནི་བཙོན་རྭར་འགྲོ་བ་ལྟ་བུའི་འཇིགས་སྐྲག་དེས། ནད་པ་རྣམས་སྨན་ཁང་ལ་ཡིད་ཆེས་མེད་པ་དང་། མི་དམངས་རྣམས་གཞུང་ལ་ཡིད་ཆེས་མེད་པར་གྱུར་ནས་ཡོད། དེ་ལྟར་རྒྱ་ནག་དེ་ད་ཆ་རེ་བ་དང་ཡིད་ཆེས་ཟད་པའི་མཐའ་དུས་ལ་སླེབས་པ་དངོས་ར་སྤྲད།
ནད་པ་སྨན་ཁང་ལ་ཡིད་ཆེས་མེད་པ་ནི། ཚེ་སྲོག་ལ་རེ་བ་མེད་པའི་བསྐལ་བ་ཞིག་གི་དུས་ངན་ཤར་བ་རེད་ལ། མི་དམངས་གཞུང་ལ་ཡིད་ཆེས་མེད་པར་གྱུར་པ་ནི། སྲིད་འགྱུར་དུས་འཁྲུགས་ཀྱི་མུ་གེ་ཞིག་ལྡང་ངེས་པའི་སྔ་བལྟས་ལོས་ཡིན།
ནད་ཡམས་འདི་བརྒྱུད་རྒྱ་གཞུང་ཐད་ཀར་མགོ་གཏིང་མ་ལོགས་ཀྱང་། མི་དམངས་ཀྱིས་རྒྱ་གཞུང་གི་གདུག་རྩུབ་དང་། ཕྱི་རྫིགས་ནང་སྟོང་གི་སྟོབས་ཤུགས་དེ་ལ་རྒྱུས་ལོན་ཆེན་པོ་ཞིག་བྱུང་ཡོད་པས། དེ་ནི་མ་འོངས་རྒྱ་གཞུང་མགོ་གཏིང་སློག་པའི་རྒྱུ་རྐྱེན་གཞན་ཞིག་འཕར་སྣོན་བྱུང་བ་ཐག་བཅད་ནས་ལབ་ཆོག
ནད་ཡམས་འགོག་བཅོས་བྱ་བར་ལག་རྩལ་དང་། མཐུན་རྐྱེན་འདང་ངེས་མེད་པའི་ཐོག དངོས་ཟོག་སྐྱེལ་འདྲེན་དང་མ་དངུལ་འཁོར་རྒྱུག་འགག་པ་མ་ཟད། མི་མང་ལ་བཟའ་བཏུང་གིས་མི་འདང་བར་བཟའ་བཅའ་ཉོ་ཚོང་འཕྲོག་རྩོད་དང་། བཀྲེས་ལྟོགས་ཀྱི་དཀའ་ངལ་འཕྲད་འགོ་ཚུགས་པ་དང་། ཁྱོན་ཡོངས་ནས་རྒྱ་ནག་གི་དཔལ་འབྱོར་ལ་གོ་ཆག་ཚབས་ཆེན་འབྱུང་བཞིན་པར་བརྟེན། དཔལ་འབྱོར་ཉམས་ཉེས་ཁྲོད་ནས་སྲིད་གཞུང་མགོ་གཏིང་ལོག་རྒྱུའི་འཇིགས་སྣང་འོག ད་ཆ་གློ་བུར་དུ་ནད་པ་དང་ཤི་ཚད་མར་ཆག་ཡོད་ཟེར་བའི་སྐྱག་རྫུན་ཤོད་ཅིང་། ཚོང་ལས་དང་འགྲོ་འོང་བཀག་བསྡོམས་སླར་གསོ་བྱ་འགོ་བཙུགས་ཡོད།
ནད་ཡམས་འགོག་བཅོས་མ་ཐུབ་གོང་ནས་དེ་ལྟར་འགྲོ་འོང་དང་ཚོང་ལས་སླར་གསོ་བྱེད་པ་ནི། སྲིད་དབང་ལ་ཐུག་དུས་མི་མང་གི་ཚེ་སྲོག་ལ་རིན་ཐང་མི་བརྩི་བའི་ཀླ་ཀློའི་རྒྱལ་ཁམས་ཤིག་ཡིན་པ་དེ་བས་ཁ་གསལ་བཟོས་ཐལ།
རྒྱ་ནག་གིས་སྤྱི་ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན་རྒྱ་ནག་ཏུ་ནད་པ་གསར་པ་གཅིག་ཀྱང་བྱུང་མེད་ཟེར་བ་དང་། རྒྱ་ནག་ཏུ་འགྲོ་འོང་དང་བཟོ་ཚོང་སྒོ་ཕྱེ་རྒྱུ་ཡིན་སྐོར་བརྗོད་དེ། འཛམ་གླིང་ལ་རྒྱ་ནག་ནད་ཡམས་དེ་ལས་རྣམ་པར་རྒྱལ་ཟིན་པའི་རྣམ་པ་སྟོན་ཐབས་བྱེད་པ་དང་། ཕྱོགས་གཞན་ནས་རྒྱ་ནག་ལ་ཕྱིའི་རྒྱལ་ཁབ་ཁག་ནས་འབྱོར་བ་མི་གྲངས་སོ་དགུ་ལ་ནད་རྟགས་ཐོན་ཚུལ་བསྒྲགས་ཡོད་པ་ནི། དོན་དུ་རྒྱ་ནག་ཏུ་ནད་ཡམས་དེ་ལས་རྣམ་པར་རྒྱལ་མེད་པའི་རང་མདོག་ཤོར་གྱི་ཡོད་པ་མ་ཟད། ད་ནས་བཟུང་རྒྱ་ནག་ཏུ་ནད་ཡམས་དེས་འདས་གྲོངས་སོང་རིགས་ཀྱི་ངན་ཁག་དེ་ཕྱིའི་རྒྱལ་ཁབ་ཁག་ནས་ཚུར་རྒྱ་ནག་ཏུ་ཁྱབ་ཡོང་བ་ཞིག་ཡིན་པ་སྒྲུབ་ཐབས་བྱེད་ཀྱི་ཡོད་པས། རྒྱལ་སྤྱིའི་རང་དབང་ཅན་གྱི་གསར་འགོད་པ་དང་། སྲིད་གཞུང་ཁག་གིས་ངེས་པར་རྒྱ་ནག་གི་ནད་ཡམས་འདིའི་མགོ་མཇུག་བར་གསུམ་ལ་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱ་དགོས་པ་ལས། རྒྱ་ནག་གིས་བཤད་པ་ལ་ཆ་འཇོག་བྱ་རིན་ཅི་ཡང་མེད།
འོན་ཀྱང་ཅོལ་ཆུང་ཁག་ཅིག་གིས་རྒྱ་གཞུང་གིས་བཤད་པའི་ནད་པའི་གྲངས་ཐོ་ལ་ཆ་བཞག་ནས། དྲྭ་ལམ་དུ་དབྱི་ཊ་ལི་དང་ཨ་རི་རྒྱ་ནག་ལས་ནད་པ་མང་བ་ཆགས་ཡོད་ཟེར། དོན་ངོ་མར་རྒྱ་ནག་གི་ནད་པའི་གྲངས་ཚད་ད་དུང་ཡང་གསང་བ་ཡིན་པ་དང་། དབྱི་ཊ་ལི་དང་ཨ་རི་ཕྱི་གསལ་ནང་གསལ་ཡིན་པས། རྒྱ་ནག་གི་ནད་པའི་གྲངས་ཐོ་ངོ་མ་ད་དུང་རྒྱལ་སྤྱིར་རག་མེད་པ་ཤེས་དགོས།
ཅཱིག་སྤྱི་མཐུན་རྒྱལ་ཁབ་ལ་བཙོང་བའི་རྒྱ་ནག་གི་ནད་དུག་བརྟག་ཆས་ཕྱིར་ཚོང་བྱས་པའི་ཁྲོད་ནས། བརྒྱ་ཆ་བརྒྱད་ཅུ་ཚད་ལྡན་མེད་པས། ཅཱིག་ནས་ཐེ་ཝན་དང་ཚོང་འབྲེལ་བྱ་རྒྱུའི་རེ་སྐུལ་བྱས་འདུག དེ་ལྟར་རྒྱ་ནད་ཀྱིས་འགྲོ་བ་མིའི་ཚེ་སྲོག་ཁྲི་སྟོང་ལ་ཉེན་ཁ་འཕྲད་པའི་དུས་སྐབས་འདིར་ཡང་རྒྱ་ནག་གིས་སྨན་བཅོས་ཡོ་ཆས་རྫུན་མ་ཚོང་སྒྱུར་བྱེད་ཕོད་པ་ནི། རྒྱ་ནག་དེ་སྙིང་རྗེ་དང་ངོ་ཚ་གཉིས་ཀ་མེད་པའི་གདོན་འདྲེ་ངོ་མ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད་པས། འཛམ་གླིང་གི་རྣམ་དཔྱོད་དང་འགན་སེམས་ཅན་ཚོས། མི་ཡུལ་གྱི་གདོན་འདྲེ་དེ་གདོན་འདྲེ་ཡིན་པ་ངོ་ཤེས་དགོས་རྒྱུ་ནི། ང་ཚོ་ཐུན་མོང་གི་ད་ལྟའི་འཚོ་ལམ་དང་། མ་འོངས་འཛམ་གླིང་སྣོད་བཅུད་གཉིས་ཀའི་བདེ་འཇགས་དང་མདུན་ལམ་ཡིན།
ང་ལྟ་བུ་རྒྱ་ནག་གི་བཙན་འཛུལ་དང་བཙན་གནོན་ལ་མ་བཟོད་པར། ནང་མི་དང་ཁ་བྲལ་ཅིང་གཞན་ཡུལ་ལ་སྐྱབས་བཅོལ་དུ་གྱར་ཏེ། རང་དབང་ལུང་པ་སྟོབས་ལྡན་ཨ་རིའི་ཡུལ་ནས་ཀྱང་རྒྱ་ནད་འདི་ལས་གཡོལ་ཅིང་རང་གི་ཚེ་སྲོག་གསོན་པོར་གནས་ཆེད། ལས་ཀ་མཚམས་བཞག་ནས་ལས་མེད་དུ་སྡོད་བཞིན་ཡོད།
གོ་ལ་ཧྲིལ་པོར་རྒྱ་ནད་ཀྱི་འཇིགས་པས་ལས་མཚམས་བཞག་པ་དང་ལས་ཀ་ཤོར་མཁན་ཧ་ཅང་མང་བས། ནད་ཡམས་འདིའི་རྗེས་ལ་གོ་ལ་ཧྲིལ་པོར་སྤྱི་སྒེར་ཚང་མས་གདོང་ལེན་དགོས་ས་ནི། དཔལ་འབྱོར་གྱི་དཀའ་ངལ་དང་། དེ་རྗེས་ད་དུང་རྒྱ་ནད་འདིས་བཟོས་པའི་ངན་ཕྱོགས་ཀྱི་ཤུགས་རྐྱེན་མང་པོ་ཞིག་ལ་ང་ཚོས་གདོང་གཏད་དགོས་པས། ད་ལྟ་རྒྱ་ནག་གིས་བཟོས་པའི་དཀའ་ངལ་འདི་ནད་མནར་ཙམ་དང་། དུས་ཐུང་གི་གནད་དོན་ཞིག་མིན་པར། ལོ་དང་ཟླ་བར་ཕྱོགས་མང་པོ་ནས་འཐབ་འཛིངས་དགོས་པའི་གོ་ཆག་ཅིག་ཡིན།
འཛམ་གླིང་གི་སྤུན་ཟླ་ཚོ། དཀའ་ཁག་ཅི་ཙམ་ཆེ་ཡང་ང་ཚོས་སེམས་སྤོབས་བསྐྱེད་ནས་མཉམ་དུ་འཚོ་གནས་བྱེད་དེ། རྒྱ་ནད་དང་རྒྱ་ནག་ལ་འཐབ་འཛིངས་བྱ། རྒྱ་ནག་ལྟ་བུའི་དཔལ་འབྱོར་གྱི་བླུ་བྲིད་ལ་ང་ཚོ་མགོ་བོ་མ་འཁོར་བར། རྣམ་རིག་སྒྲིམ་ནས་བདེན་རྫུན་དང་། ལེགས་ཉེས་ཀྱི་དཀར་ནག་སྲེད་བཀྲོལ་བྱེད་དེ། མ་འོངས་འཛམ་གླིང་དེ་ཕྱི་གསལ་ནང་གསལ་དང་། རང་གཞན་ཀུན་གཅེས་ཀྱི་ལམ་དུ་འཁྲིད་དགོས། དེ་ནི་ང་ཚོ་ཐུན་མོང་གི་འགན་འཁྲི་དང་། མི་ཚེའི་རིན་ཐང་ཡིན་པ་མ་ཟད། ང་ཚོ་ཐུན་མོང་གི་མདུན་ལམ་ཡིན།
ནིའུ་ཡོག་ནས་སྤོ་ཆུང་ཚང་དོན་གྲུབ་ལྷ་དར་གྱིས་སྤྱི་ལོ ༢༠༢༠།༣།༧། ཞོགས་པར་བྲིས་ཤིང་། ཚེས་༢༨ ཉིན་ཁ་སྣོན་བཟོ་བཅོས་བྱས།། །།