རྒྱ་རིགས་གཞོན་སྐྱེས་ནང་ཤོག་དཀར་ལས་འགུལ་གྱི་ཤུགས་རྐྱེན་དང་འགྱུར་ལྡོག


ཕྱི་ཟླ་༡༡ ཚེས་༢༧ ཉིན་ནི་ཕྱི་ལོ་༢༠༢༢ ཟླ་༡༡ ཚེས་༢༧ ཉིན་རྒྱ་ནག་གི་ན་གཞོན་ཁྲོད་ཤོག་དཀར་ཁྱེར་ནས་གཞུང་ལ་ངོ་རྒོལ་བྱས་པའི་ཉིན་མོར་བརྩི་ཡི་ཡོད་པར་བརྟེན། ད་ལྟ་རྒྱ་ནག་གི་ན་གཞོན་ཁྲོད་ཤོག་དཀར་ངོ་རྒོལ་ལ་བརྟེན་ནས་ཆབ་སྲིད་ཀྱི་ལས་འགུལ་གསར་པ་དང་། བོད་དང་ཤར་ཏུར་ཀི་སི་ཐན་སོགས་ཀྱི་གནས་སྟངས་ཐད་དོ་སྣང་དང་རྒྱབ་སྐྱོར་ཆེ་རུ་འགྲོ་བཞིན་ཡོད་པ་བརྗོད་འདུག

པར། Eurasia Review


ཕྱི་ལོ་༢༠༢༥ ཟླ་བ་༡༡ ཚེས་༢༦ ཉིན་(Eurasia Review)བརྒྱུད་ལམ་ཐོག་ཏུ་(Henry Davies)ཞེས་པ་ཞིག་གིས་རྒྱ་ནག་ནང་དང་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་ན་གཞོན་ཁྲོད་དུ་ཕྱི་ལོ་༢༠༢༢ ཟླ་བ་༡༡ ནང་ཤོག་དཀར་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ལས་འགུལ་དེ་ལ་བརྟེན་ནས་ད་ཆ་ཆབ་སྲིད་ཀྱི་ལས་འགུལ་ཁ་ཕྱོགས་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད་པའི་སྐོར་རྩོམ་ཡིག་ཅིག་སྤེལ་འདུག རྩོམ་པ་པོ་ཁོང་ནི་རྒྱ་ནག་སྐོར་གྱི་ཉམས་ཞིབ་པ་ཞིག་ཡིན་འདུག ཁོང་གི་རྩོམ་ཡིག་དེའི་ནང་ཕྱི་ལོ་༢༠༢༢ ཟླ་༡༡ པའི་མཇུག་ཏུ་རྒྱ་ནག་ནང་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་རྒྱ་རིགས་གཞོན་སྐྱེས་ཁྲོད་ལག་ཏུ་ཤོག་དཀར་བཟུང་ནས་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་། ངོ་རྒོལ་དེ་ལ་བརྟེན་ནས་ད་ཆ་རྒྱ་ནག་ནང་དང་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་གཞོན་སྐྱེས་ཁྲོད་དུ་ཆབ་སྲིད་ཀྱི་ལས་འགུལ་དང་། བོད་དང་ཤར་ཏུར་ཀི་སི་ཐན། གཞན་གྲངས་ཉུང་མི་རིགས་ཚོའི་གནས་སྟངས་ཐད་ལྟ་སྟངས་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པའི་སྐོར་བརྗོད་འདུག
རྒྱུ་མཚན་གཙོ་བོ་གཅིག་ནི་ཏོག་དབྱིབས་ནད་དུག་ཁྱབ་གདལ་སྐབས་སུ་རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་གྱི་གྲོང་ཁྱེར་(Urumqi)ཞེས་པ་དེའི་ནང་ཁང་བརྩེགས་མཐོན་པོ་ཞིག་ལ་མེ་སྐྱོན་ཤོར་བ་དང་། སྐབས་དེ་དུས་མི་མང་རྣམས་གཞུང་གིས་ཏོག་དབྱིབས་ནད་དུག་ཀླད་ཀོར་གྱི་སྲིད་བྱུས་(Zero-Covid Policy) ཞེས་པ་དེ་ལག་བསྟར་འོག་བཙན་གྱིས་ཁང་པའི་ནང་བཀག་ཡོད་པར་བརྟེན། མི་མང་པོ་ཞིག་མེ་ཡིས་བསྲེགས་ནས་གནས་ཚུལ་དེ་དྲ་ཐོག་ཏུ་ཧ་ཅང་ཁྱབ་གདལ་ཕྱིན་པ་དང་། རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་པེ་ཅིང་དང་། ཧྲང་ཧེ། བཀང་ཀྲུའུ། ཁྲིན་ཏུའུ་སོགས་སུ་མི་མང་ས་ཡ་མང་པོ་ཁྱིམ་སྡོད་བཀའ་རྒྱའི་འོག་བཙན་གྱིས་ཁྱིམ་ལ་བཀག་ནས་དཀའ་སྡུག་ཚད་མེད་མྱངས་ཡོད་པར་བརྟེན། རྒྱ་རིགས་མི་མང་ཁྲོད་གཞུང་གི་བྱ་སྤྱོད་ངན་པ་དང་། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་མེད་པ། དམར་ཤོག་ཚོགས་པའི་མི་གཅིག་དབང་འཛིན་རིང་ལུགས་སོགས་ཀྱི་སྐོར་རྒྱ་རིགས་ན་གཞོན་ཁྲོད་གླེང་སློང་ཆེན་པོ་ཞིག་ཡོང་འགོ་བཙུགས་ཡོད་པ་དང་། ན་གཞོན་སྟོང་ཕྲག་མང་པོ་ཁྲོམ་གཞུང་དུ་ཐོན་ནས་ཏོག་དབྱིབས་ནད་དུག་ཀླད་ཀོར་གྱི་སྲིད་བྱུས་དེ་མཚམས་འཇོག་དགོས་པ་གཅིག་པུ་མ་ཡིན་པར། གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་རྗེས་སུ་ཐེངས་དང་པོར་དུས་རྒྱུན་ཧ་ཅང་མཐོང་དཀོན་པའི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དགོས་པ། དམར་ཤོག་ཚོགས་པ་མགོ་རྟིང་སློག་དགོས་སྐོར་བཅས་ཀྱི་འབོད་སྒྲ་མང་པོ་མཐོང་རྒྱུ་ཡོད་ཚུལ་བརྗོད་འདུག
དེ་རྗེས་རྒྱ་ནག་དམར་ཤོག་གཞུང་གི་དབང་འོག་ཏུ་མི་མང་ཚོས་རང་གི་བསམ་ཚུལ་བཤད་པའི་རང་དབང་མེད་པར་བརྟེན། རྒྱ་རིགས་ན་གཞོན་ཁྲོད་དུ་ལག་ཏུ་ཤོག་དཀར་བཟུང་ནས་ངོ་རྒོལ་འགོ་བཙུགས་ཡོད་པ་དང་། ཤོག་དཀར་བཟུང་དོན་ནི་ང་ལ་སྨྲ་བརྗོད་རང་དབང་མེད་ཅེས་པའི་མཚོན་དོན་ཡིན་པས། དེ་ལ་མི་མང་ཁྲོད་དོ་སྣང་ཆེན་པོ་བྱེད་འགོ་བཙུགས། ཤོག་དཀར་གྱི་ལས་འགུལ་དེ་ཕྱི་ལོ་༡༩༨༩ ལོར་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་རྗེས་ཀྱི་མི་མང་གི་ངོ་རྒོལ་ཆེ་ཤོས་དེ་ཡིན་པ་དང། ཤོག་དཀར་གྱི་ལས་འགུལ་དེ་འབྱུང་དུས་རྒྱ་གཞུང་ནས་ཏོག་དབྱིབས་ནད་དུག་ཀླད་ཀོར་གྱི་སྲིད་བྱུས་དེ་མཚམས་འཇོག་བྱས། འོན་ཀྱང་། རྒྱ་གཞུང་ནས་མི་མང་ཁྲོད་ངོ་རྒོལ་བྱེད་མཁན་མང་པོ་ཞིག་འཛིན་བཟུང་དང་འདྲི་རྩད་བྱས་པ་མ་ཟད། ཤར་ཏུར་ཀི་སི་ཐན་གྱི་སློབ་མ་འགའ་ཤས་དྲ་ཐོག་ཏུ་གནས་ཚུལ་ཁྱབ་སྤེལ་བཏང་བ་དང་། བརྙན་བཟོས་པ། གནས་ཚུལ་མཁོ་བསྡུ་བྱས་པ་སོགས་ལ་བརྟེན་ནས་བཙོན་དུ་བཅུག་སྟེ་ཉེས་ཆད་ལྕི་པོ་བཅད་ཡོད་པ་བརྗོད་འདུག སྐབས་དེ་དུས་རྒྱ་གཞུང་གིས་ངོ་རྒོལ་བ་མང་པོ་འཛིན་བཟུང་དང་བཀག་ཉར་བྱས་ཡོད་ཀྱང་། མི་མང་ཁྲོད་ཆབ་སྲིད་ཀྱི་ལས་འགུལ་མེད་པར་གྱུར་མེད་ཅེས་བརྗོད། ལས་འགུལ་དེ་རྒྱ་ནག་ནང་མངོན་གསལ་དོད་པོ་མཐོང་རྒྱུ་དཀོན་ཡང་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་ཁྲོད་ལས་འགུལ་དེའི་ཤུགས་རྐྱེན་ཆེན་པོ་སླེབས་འགོ་བཙུགས་ཡོད་པ་དང་། མངོན་གསལ་དོད་པོའི་ཐོག་ནས་ཕྱི་ལོ་༢༠༢༤ ཟླ་བ་༡༢ ཚེས་༤ ཉིན་ནིའུ་ཡོག་ཏུ་དུས་དྲན་བྱས། སྐབས་དེ་དུས་རྒྱ་རིགས་སློབ་མ་ཚོ་འཛོམས་ནས་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་དར་དང་། པ་ལི་སི་ཐན་གྱི་རྒྱལ་དར་འཁྱེར་ནས་དུས་དྲན་བྱས་ཤིང་། ཁོང་ཚོས་འཐབ་རྩོད་ནི་དྲང་བདེན་དང་རང་དབང་གི་ཆེད་དུ་ཡིན་ཞེས་བརྗོད་ཡོད་འདུག ལས་འགུལ་དེའི་དམིགས་ཡུལ་དང་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་ཁྲོད་རྒྱ་གཞུང་གིས་རྒྱལ་གཅེས་རིང་ལུགས་ཁྱབ་སྤེལ་གཏོང་བཞིན་པ་གཉིས་བར་འགལ་ཟླ་ཆགས་ཡོད་འདུག
བོད་ལ་ཆ་མཚོན་ན་ཕྱི་ལོ་༢༠༠༨ ལོར་བོད་ནང་ཞི་རྒོལ་ཆེན་མོ་ལངས་དུས་རྒྱ་གཞུང་ནས་བོད་མིའི་ཐོག་ཏུ་དྲག་རྒོལ་ཧ་ཅང་བྱས་ཡོད་པ་དང་། སྐབས་དེ་དུས་རྒྱ་རིགས་གཞོན་སྐྱེས་ཁྲོད་གཞུང་གི་བྱ་སྤྱོད་ངན་པ་དེར་རྒྱབ་སྐྱོར་བྱེད་མཁན་ལས་སྐྱོན་བརྗོད་བྱེད་མཁན་ཧ་ལམ་མེད་པ་ལྟ་བུ་ཡིན་པ་དང་། ཕྱི་ལོ་༢༠༢༡ ལོར་རྒྱ་གཞུང་གིས་ཤར་ཏུར་ཀི་སི་ཐན་ནང་ཁ་ཆེ་མི་མང་ས་ཡ་མང་པོ་ངལ་རྩོལ་བསྒྱུར་བཀོད་ར་བའི་ནང་བཅུག་ནས་དཀའ་སྡུག་ཚད་ལས་བརྒལ་བ་སྤྲོད་སྐབས་ཀྱང་། རྒྱ་རིགས་ཁྲོད་སྐྱོན་བརྗོད་བྱེད་མཁན་བྱུང་མེད། འོན་ཀྱང་ད་ཆ་རྒྱ་རིགས་གཞོན་སྐྱེས་ཁྲོད་ལྟ་ཕྱོགས་དང་ལངས་ཕྱོགས་གསར་པ་ཞིག་ཡོང་བཞིན་ཡོད་པ་དང་། དཔེར་ན། བོད་ཀྱི་གནས་སྟངས་ཐད་གདུང་སེམས་མཉམ་བསྐྱེད་དམ་རྒྱབ་སྐྱོར་མཚོན་ཆེད་དུ་རྒྱ་རིགས་གཞོན་སྐྱེས་ཀྱིས་བོད་ལ་རྒྱབ་སྐྱོར་ (Chinese Youth Stand For Tibet) ཞེས་པའི་ཚོགས་པ་བཙུགས་ཡོད་པ་དང་། ཚོགས་པ་དེའི་བརྒྱུད་ནས་རྒྱ་རིགས་མི་མང་ལ་བོད་ཀྱི་གནས་སྟངས་སྐོར་གོ་རྟོགས་སྤེལ་ཐབས་དང་། རྒྱ་ནག་ནང་བོད་པ་ཚོར་དབྱེ་འབྱེད་བྱེད་ཀྱི་ཡོད་པ་དག་བཀག་འགོག་ཡོང་ཐབས་སོགས་ཀྱི་ལས་འགུལ་སྤེལ་ཆེད་དུ་ཡིན་པ་བརྗོད། ཚོགས་པ་དེ་རྒྱ་ནག་གཞུང་གིས་ཤེས་ཀྱི་ཡོད་པ་དང་། འདི་ལོའི་ཕྱི་ཟླ་༧ ནང་བོད་པའི་ཕོ་གསར་ཞིག་གི་དགའ་རོགས་ཡིན་པའི་རྒྱ་རིགས་བུད་མེད་མིང་ལ་(Tara Zhang Yadi)ཞེས་པ་དེ་ཕྱི་རྒྱལ་དུ་རྒྱ་ནག་ནང་གི་གཞོན་སྐྱེས་ཚོའི་ཤོག་དཀར་ལས་འགུལ་ལ་རྒྱབ་སྐྱོར་ཆེད་དུ་ཤོག་དཀར་ལས་འགུལ་སྤེལ་ཡོད་པ་དང་། བོད་པའི་གནད་དོན་ཐད་རྒྱབ་སྐྱོར་ཆེན་པོ་བྱེད་མཁན་ཞིག་ཡིན་པར་བརྟེན། ཉེ་ཆར་བུད་མེད་དེ་རྒྱ་ནག་ནང་རང་གི་ཁྱིམ་མི་ཐུག་འཕྲད་དུ་འགྲོ་སྐབས་འཛིན་བཟུང་བྱས་ནས་ད་ཆ་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད་ཅེས་བརྗོད་འདུག
མདོར་ན་ད་ཆ་རྒྱ་རིགས་གཞོན་སྐྱེས་ཁྲོད་གཞུང་གིས་གང་བཤད་དང་(majority ethnic Han chauvinism)རྒྱ་རིགས་ཧན་མི་རིགས་རིང་ལུགས་ཁོ་ནར་རྒྱབ་སྐྱོར་བྱས་ནས་གཞན་གྱི་བདེ་སྡུག་ལ་བསམ་གཞིགས་མ་བྱས་པ་མ་ཡིན་པར། བོད་དང་ཤར་ཏུར་ཀི་སི་ཐན། པ་ལི་སི་ཐན་སོགས་ཀྱི་བདེ་སྡུག་དང་། རང་དབང་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་འདྲ་མཉམ་དགོས་རྒྱུའི་ཐད་དོ་སྣང་ཞིག་སླེབ་བཞིན་ཡོད་ཚུལ་བརྗོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།