རྒྱལ་ཁབ་ཁག་༢༦ གི་འཐུས་མི་ལྷན་འཛོམས་ཐོག་བོད་དོན་གླེང་སྟེགས་ཐེངས་དྲུག་པ་དེ་འཚོགས་འདུག
བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་སུད་སི་དོན་གཅོད་གཉིས་ཀྱི་གོ་སྒྲིག་འོག ཉིན་གྲངས་གཉིས་རིང་ཡུ་རོབ་ཀྱི་རྒྱལ་ཁབ་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་བོད་དོན་གླེང་སྟེགས་ཐེངས་དྲུག་པ་དེ་འཚོགས་འདུག སྐབས་དེ་དུས་རྒྱལ་ཁབ་༢༦ གི་འཐུས་མི་མཉམ་ཞུགས་གནང་ཡོད་འདུག

ཕྱི་ལོ་༢༠༢༥ ཟླ་༢ ཚེས་༡༠ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་ཏུ་གནས་ཚུལ་སྤེལ་དོན་ལ། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དང་སུད་སི་སྐུ་ཚབ་དོན་གཅོད་གཉིས་ཟུང་སྦྲེལ་ཐོག་ཇི་ནི་ཝའི་གླེང་སྟེགས་ཐེངས་དྲུག་པ་དེ་ཕྱི་ཚེས་༩ དང་༡༠ ཉིན་གཉིས་རིང་གོ་སྒྲིག་གནང་ཡོད་འདུག། ཉིན་གྲངས་གཉིས་རིང་གི་གླེང་སྟེགས་སྟེང་དྲག་གནོན་དང་གདོང་ལེན། རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་བོད་དང་ཤར་ཏུར་ཀི་སི་ཐན་སོགས་ས་ཁུལ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་འདུག བོད་དོན་གླེང་སྟེགས་ཀྱི་དབུ་འབྱེད་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ཕེབས་ནས་བོད་མི་རྣམས་ལ་བོད་ནང་དུ་འཕྲད་བཞིན་པའི་གཉའ་གནོན་སྐོར་གླེང་སློང་བྱེད་པའི་དགོས་ངེས་ཀྱི་སྡིངས་ཆ་སྤྲད་མེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཚུད་པའི་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་པའི་འཐབ་རྩོད་ལ་ཡ་ལན་གནང་མེད་པས་ཇི་ནི་ཝའི་གླེང་སྟེགས་འདི་བཞིན་གསར་འཛུགས་གནང་བ་ཞིག་ཡིིན་སྐོར་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ཀྱི་གྲུབ་ཆའི་ཞན་ཆ་ལ་གསལ་སྟོན་གྱིས་ད་ལྟའི་རྙོག་ཁྲ་ལྡན་པའི་རྒྱལ་སྤྱིའི་སྤྱི་ཚོགས་ནང་བཅོས་བསྒྱུར་དགོས་ངེས་ཡིན་པའི་སྐོར་བརྗོད་ཡོད་འདུག
དེ་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་མ་བྱས་གོང་བོད་དེ་བཞིན་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཉེ་ལམ་སློབ་དཔོན་ལའོ་ཡིས་དབྱིན་ཡིག་ཐོག་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དཔེ་དེབ་འདོན་སྤེལ་གནང་བ་དེ་ནི་རྒྱ་ནག་གཞུང་གི་ཡིག་ཆ་ཁོ་ན་ལ་དཔྱད་ཞིབ་ཀྱིས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་འཁྱོག་བཤད་ལ་དགག་པ་བརྒྱབ་ཡོད་པའི་སྐོར་གསུངས་ཡོད་པ་མ་ཟད། བོད་དེ་བཞིན་གནའ་སྔ་མོ་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་གནས་བབས་ཐོག་ལོ་རྒྱུས་དང་། ཆབ་སྲིད། ཁྲིམས་ལུགས་བཅས་ཀྱི་དཔང་རྟགས་ལས་ར་སྤྲོད་བྱེད་ཐུབ་ཀྱི་ཡོད་ནའང་། ༸གོང་ས་མཆོག་གིས་དགོངས་བཞེད་གནང་ཞིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་མང་མོས་རྒྱབ་སྐྱོར་འོག་གཏན་ལ་ཕབ་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་ནི་བོད་རྒྱའི་དཀའ་རྙོག་སེལ་ཆེད་དངོས་ཡོད་དང་མཐུན་ཞིང་ལག་ལེན་འཁྱོལ་ཐུབ་པའི་སྲིད་བྱུས་ཤིག་ཡིིན་པ་ནན་བརྗོད་བྱས་ཡོད་འདུག
འཐུས་མི་རྣམས་ལ་ཕེབས་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས། ཇི་ནི་ཝའི་གླེང་སྟེགས་ཐེངས་དྲུག་པའི་དམིགས་ཡུལ་དང་གལ་གནད་སྐོར་འགྲེལ་བརྗོད་གནང་ཡོད་འདུག དེ་བཞིན་ཁོང་གིས་ང་ཚོ་ཇི་ནི་ཝར་འདུ་འཛོམས་བྱས་པ་འདི་ནི་སྟེས་དབང་ཞིག་མ་ཡིན་པར། ཡིད་ཆེས་བརྟན་པོ་ཞིག་གི་འོག་ནས་བྱུང་བ་ཞིག་ཡིན་ཞེས་དང་། ཇི་ནི་ཝ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལམ་ལུགས་ཀྱི་ལྟེ་བ་ལྟ་བུ་ཞིག་ཡིན་པར་གླེང་སྟེགས་འདི་དམིགས་བསལ་གྱི་གལ་གནད་ཅན་ཞིག་ཡིིན་ཞེས་བརྗོད་ཡོད་འདུག གླེང་སྟེགས་འདིའི་ཐོག་མི་སྣ་འདྲ་མིན་ལྷན་འཛོམས་ཀྱིས་གསུང་བཤད་གནང་བ་ནི་སྟེས་དབང་གིས་བྱུང་བ་ཞིག་མ་ཡིིན་པར། འགྲོ་བ་མིའི་ཐོབ་ཐང་ནི་འཛམ་གླིང་ཀུན་ཁྱབ་ཡིན་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་འོག་ཏུ་ཡོད་པའི་ས་ཁུལ་ཚུད་པའི་ས་ཁུལ་གཞན་དུའང་དྲག་གནོན་བྱེད་པ་ནི་རྒྱལ་སྤྱིའི་མི་མང་ཀུན་ལ་འབྲེལ་བ་ཡོད་པ་ཞིག་ཡིན་པར་ཐུན་མོང་གི་ཡིད་ཆེས་མཚོན་གྱི་ཡོད། འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་གདུང་སེམས་མཉམ་སྐྱེད་བྱེད་པ་ནི། ས་ཁམས་ཀྱི་གནས་བབས་དང་། ཆབ་སྲིད་ཀྱི་མཐུན་ཕྱོགས། ཡང་ན་སྟབས་བདེ་ཙམ་གྱི་ཚད་བཀག་མི་རུང་བ་ཞིག་ཡིན་ཞེས་བརྗོད་འདུག
ཉིན་གྲངས་གཉིས་རིང་གི་གླེང་སྟེགས་འདིའི་ཐོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟུར་པ་ལྕམ་སྐུ་ཨུཛ་ར་ཛི་ཡ་(Uzra Zeya)དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ཉུང་མི་རིགས་ཀྱི་གནད་དོན་དང་འབྲེལ་བའི་དམིགས་བསལ་ཆེད་མཁས་པ་སྐུ་ཞབས་ནི་ཁོ་ལས་ལེ་ཝ་ར་ཏི་ (Nicolas Levrat)ཡང་ལྷན་ཞུགས་ཀྱིས་གསུང་བཤད་གནང་ཡོད་འདུག ཇི་ནི་ཝ་བོད་དོན་གླེང་སྟེགས་ཀྱི་དབུ་འབྱེད་མཛད་སྒོར་སུད་སི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ལོ་རན་སི་རི་ལེ་(Laurence Fehlmann Reille)དང་། མེཀ་སི་ཀོ་གྲོས་ཚོགས་འཐུས་མི་ལྕམ་སྐུ་པཱ་ལོ་མཱ་ (Paloma Dominguez) ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་པཱ་ཝེལ་ཕི་ཤར་ (Pavel Fischer) ཇར་མ་ནིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་ཧི་ཀལ་བྷི་རེནྜ་ (Michael Brand) ཇི་ནི་ཝ་ལྷན་ཚོགས་ཀྱི་ཚོགས་གཞོན་དི་ལཱ་རཱ་བྷེ་རག་(Dilara Bayrak)བཅས་ཀྱང་བོད་དང་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་གསུང་བཤད་གནང་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
