རྒྱལ་ཁབ་ཁག་གིས་ཐའེ་ཝན་གྱི་སྲིད་འཛིན་གསར་པར་འཚམས་འདྲི་དང་སོ་སོའི་ལངས་ཕྱོགས་གསལ་སྟོན།

ཟླ་འདིའི་ཚེས་༡༤ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། ཚེས་༡༣ ཉིན་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པ་ལ་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་རྗེས། དབྱིན་ཡུལ་དང་ཧྥ་རན་སི། འཇར་མན་སོགས་ཀྱིས་ཐའེ་ཝན་གྱི་འགོ་ཁྲིད་གསར་པ་ལ་འཚམས་འདྲི་ཞུས་འདུག དེ་བཞིན་ཨུ་རུ་སུའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ(Maria Zakharova) ཡིས་ཨུ་རུ་སུས་ཐའེ་ཝན་ནི་ཁ་འབྲལ་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཤིག་ལ་བརྩི་བཞིན་ཡོད་ཅེས་ཨུ་རུ་སུས་ཐའེ་ཝན་ཐོག་འཛིན་པའི་ལངས་ཕྱོགས་གསལ་སྟོན་ཡང་བྱས་འདུག ལྷག་པར་དུ་ཐའེ་ལ་གོ་མཚོན་མང་ཤོས་འཚོང་མཁན་ཨ་རི་གཞུང་གིས་ཐའེ་ཝན་གྱི་འོས་བསྡུ་འགོ་འཛུགས་མ་བྱས་གོང་། སུ་ཞིག་གིས་འོས་བསྡུའི་ནང་ཐེ་གཏོགས་བྱས་ཚེ། དེ་ནི་དང་ལེན་བྱེད་ཐབས་བྲལ་བ་ཞིག་རེད་ཅེས་བརྗོད་ཡོད་པ་མ་ཟད། འོས་བསྡུ་ཚར་བའི་རྗེས། ཨ་རིའི་ཕྱི་སྲིད་དྲུང་ཆེས་(Mr Blinken) ་ཐའེ་ཝན་གྱི་སྲིད་འཛིན་གསར་པ་དང་ཆབ་སྲིད་ཤོག་ཁག་གི་འགོ་ཁྲིད་པ་དང་མཉམ་ལས་བྱས་ནས་ཐུན་མོང་གི་ཁེ་ཕན་དང་རིན་ཐང་ལྟ་བ་ཁྱབ་སྤེལ་གཏོང་རྒྱུའི་རེ་བ་ཡོད་ཅེས་དང་། ཨ་རི་ནི་ཐའེ་ཝན་གྱི་གནའ་གྲོགས་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པས། མཚོ་འགག་ངོགས་གཉིས་ཀྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོབ་བྱ་རྒྱུ་ཁས་ལེན་བྱས་ཡོད་སོགས་བརྗོད་འདུག་པ་དང་། འོན་ཀྱང་གསར་འགོད་པས་ཨ་རིའི་སྲིད་འཛིན་ལ་བཅར་འདྲི་བྱེད་སྐབས། ཨ་རིའི་སྲིད་འཛིན་གྱིས་ཨ་རིས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱ་རྒྱུ་མིན་ཞེས་བརྗོད་འདུག གཞན་ཡང་། རྒྱ་ནག་གཞུང་གིས་ཐེངས་འདིའི་འོས་བསྡུ་ཡིས་མཚོ་འགག་གཉིས་བར་གྱི་འབྲེལ་བའི་གཞི་རྩའི་གནས་སྟངས་དང་འཕེལ་ཕྱོགས་ལ་འགྱུར་བ་མི་གཏོང་བ་དང་། ཐའེ་ཝན་ནི་རྒྱ་ནག་གི་ཐའེ་ཝན་ཡིན་པ་དང་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་རྒྱུ། ལྷག་པར་དུ་ཐའེ་ཝན་རང་བཙན་གྱི་ཕྱོགས་སུ་འཁྲིད་མཁན་དང་ཕྱི་རྒྱལ་གྱི་སྟོབས་ཤུགས་ལ་ཁ་གཏད་གཅོག་རྒྱུ་ཡིན་ཞེས་བརྗོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།