ལ་དྭགས་སུ་༧གོང་ས་མཆོག་གི་གསུང་ཆོས་དང་མགོན་པོ་གང་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ།

ཕྱི་ཟླ་ ༨ པའི་ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ནང་ཚོགས་དང་དགོན་ཚོགས་ཐུན་མོང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ལ་དྭགས་ཞི་བའི་ཚལ་གྱི་དུས་འཁོར་དབང་ཆེན་གསུང་ཆོས་ར་བར་བླ་ཆེན་དང་དཔོན་ཆེན་དབུས་པའི་དད་ལྡན་ཆོས་ཞུ་བ་སེར་སྐྱ་མི་མང་སྟོང་ཕྲག་བཞི་བཅུ་ལྷག་ལ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་དང་། ༸རྒྱལ་མཆོག་བདུན་པ་ཆེན་པོས་མཛད་པའི་ལྟ་ཁྲིད་དྲན་པ་བཞི་ལྡན་གྱི་ཆོས་འབྲེལ། དེ་བཞིན་གཟུངས་སྔགས་ཁག་ཅིག་གི་བཟླས་ལུང་བཅས་བཀའ་དྲིན་སྩལ་འདུག་པ་དང་། ཚེས་༡༧ ཉིན་མགོན་པོ་གང་ཉིད་ལ་བརྟན་བཞུགས་བསྟར་འབུལ་ཞུས་འདུག

སྐབས་དེར་མགོན་པོ་གང་ཉིད་ཀྱིས་རྒྱ་གུང་ཁྲན་ལ་བརྟེན་ནས་བོད་དུ་བཞུགས་སྐལ་མ་བྱུང་བར་ནོར་གླིང་ནས་ཐོན་ཏེ་བཙན་བྱོལ་དུ་འབྱོར་བ་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རྣམས་སེམས་ཐག་ཉེ་བོ་ཆགས་པའི་སྐོར། དེ་བཞིན་ཧི་མ་ལ་ཡའི་མི་རིགས་དང་འཕགས་པ་སྤྱན་རས་གཟིགས་བར་གྱི་འབྲེལ་བ། ང་ཚོ་དལ་འབྱོར་གྱི་ལུས་རྟེན་འདི་ཐོབ་ཡོད་ཕྱིན་ཆད། ཚང་མས་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བར་རིག་པ་བསྒྲིམས་ནས་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཡིན་པ། དེ་བཞིན་རྒྱ་གར་རང་བཙན་དུས་ཆེན་དང་འབྲེལ་ཏེ་རྒྱ་གར་ལ་ཆ་གཞག་ན་འཛམ་གླིང་འདིར་མི་རིགས་མང་པོ་དང་ཆོས་ལུགས་འདྲ་མིན་སྣ་ཚོགས་ཡོད་ས་ཞིག་ཡིན་ཡང་མི་རིགས་ཕན་ཚུན་བར་འཆམ་མཐུན་ཧ་ཅང་ཡག་པོ་ཡོད་པ་དང་། རྒྱ་གར་གྱི་ལོ་རྒྱུས་ཀྱི་ཐོག་ནས་སེམས་པ་བཟང་པོ་བྱེད་པ་དང་། འཚེ་བ་མི་བྱེད་པའི་མིག་ལྟོས་ཡོད་པ་དེ་མུ་མཐུད་ཉམས་ཆག་མ་ཡོང་བ་དང་། བདག་གཅེས་ཡག་པོ་བྱས་ཏེ་རྒྱ་གར་ལུང་པ་འདི་འཚེ་མེད་ཞི་བདེའི་བསྟི་གནས་རང་གཞན་ཚང་མས་ཡིད་སྨོན་སྐྱེས་པ་ཞིག་ཡོང་བ་བྱེད་དགོས། ད་ལྟའི་བར་དུ་ཧ་ཅང་ཡག་པོ་རེད། ཅེས་སོགས་བཀའ་སློབ་སྩལ་འདུག 

དེ་བཞིན་ཕྱི་ཚེས་༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ནང་ཚོགས་དང་དགོན་ཚོགས་ཐུན་མོང་ནས་གླེ་ཡི་ཞི་བའི་ཚལ་དུས་དབང་གསུང་ཆོས་ར་བར་ཁྲིག་རྩེ་རིན་པོ་ཆེ་དབུ་བཞུགས་ཀྱིས་མདོ་ལུགས་བརྟན་བཞུགས་བསྟར་འབུལ་ཞུས་འདུག་པ་དང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ས་ཁུལ་དེའི་མི་མང་སྤྱི་དང་བྱེ་བྲག་ཏུ་ཕྱོགས་མཐའ་ནས་འདུས་པའི་སེར་སྐྱ་མི་མང་རྣམས་དད་པ་དང་དམ་ཚིག་གཡོ་བ་མེད་པར་འདིར་བརྟན་བཞུགས་གནང་བཞིན་ཡོད་པ་དང་། ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད་པའི་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་དང་གཅིག་པ་ཚང་མ་དེར་ཆེད་མངགས་འདུས་ཏེ་ཐུན་མོང་གི་ཐོག་ནས་བརྟན་བཞུགས་ཕུལ་བ་ཞིག་ཡིན་པ་དང་། མགོན་པོ་གང་ཉིད་ལ་ཆ་གཞག་ན་མདོ་སྨད་ནས་འཁྲུངས་ཤིང་། དབུས་གཙང་དུ་སླེབས་ནས་གངས་ལྗོངས་ཀྱི་ལྷ་མི་ཀུན་གྱིས་གཅིག་ཏུ་ཡིད་ཆེས་དང་། དད་པའི་ཐོག་ནས་བོད་ཀྱི་ལྷ་མི་ཡོངས་རྫོགས་ཀྱི་རེ་འདུན་སྒྲུབ་པའི་ཐུགས་འགན་ཁུར་བ་དང་།  ད་ལྟའི་བར་དུ་རྐྱེན་ངན་ཇི་འདྲ་ཞིག་བྱུང་ནའང་། གང་ལྟར་རྐྱེན་ངན་རུ་འཛིང་བའི་འོག་ནས་མགོན་པོ་གང་ཉིད་ཀྱི་སྐུ་ཚེ་བསྐྱལ་གནང་ཞིང་།  ད་ལྟའི་བར་དུ་མགོན་པོ་གང་ཉིད་ནས་ལྷག་བསམ་རྣམ་དག་གིས་བོད་ཀྱི་བསྟན་སྲིད་ཀྱི་དོན་ལ་འཇིག་རྟེན་ལས་འདས་པའི་ལྷ་སྲུང་ཚོར་སྐུལ་བ་དང་། དེ་བཞིན་འཇིག་རྟེན་པའི་དྲེགས་པ་ཚོར་ཡང་སྐུལ་མ་བྱེད་པ་སོགས་དངོས་ཡོད་གནས་ཚུལ་ལ་རན་པ་ཞིག་དཀར་ཕྱོགས་སྐྱོང་བའི་བོད་གངས་ཅན་ལྗོངས་ཀྱི་ལྷ་སྲུང་ཚོར་ལྷག་བསམ་རྣམ་དག་གིས་འཕྲིན་ལས་གཉེར་གཏད་གནང་བ་དང་། དེ་དག་གིས་ཀྱང་ཧུར་ཐག་འབད་ཐག་བྱས་སོང་ཞེས་བཀའ་བསྩལ།

གཞན་ཡང་མགོན་པོ་གང་ཉིད་ལ་མཚོན་ན་སྐུ་ན་ཆུང་ཆུང་སྐབས་ནས་ཡོངས་འཛིན་རྣམ་པ་ཚོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བསྡུས་གྲྭ་དང་ཚད་མའི་གཞུང་། དབུ་མའི་གཞུང་། མཛོད་འདུལ་བཅས་ལ་སྦྱངས་པ་གནང་ཡོད་པ་དང་། ང་ཚོའི་ནང་དོན་རིག་པའི་གཞུང་ནས་སེམས་ཁམས་རིག་པའི་སྐོར་གསུངས་པ་ལས་དེང་སང་ཚན་རིག་པ་ཚོས་ཀྱང་ལེགས་ཆ་མང་པོ་བླངས་ནས་ཧ་ཅང་ཕན་ཐོགས་བྱུང་ཡོད་པའི་སྐོར་སོགས་དང་། ༧གོང་ས་མཆོག་བོད་ལ་བཞུགས་རིང་རྐྱེན་ངན་མང་པོ་ཤར་བ་དང་། བོད་ནས་ཆིབས་ཐོན་གནང་དགོས་བྱུང་སྟེ། རྒྱ་གར་དུ་ཕེབས་འབྱོར་རྗེས། ལོ་འདི་དག་གི་རིང་བསྟན་པའི་ཞབས་འདེགས་བསྒྲུབས་པ་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཙམ་མ་ཡིན་པར་འཛམ་གླིང་གང་སར། ཏཱ་ལའི་བླ་མ་ཟེར་དུས་འཛམ་གླིང་འདིར་དམིགས་བསལ་གྱི་དབུ་ཁྲིད་ཅིག་ལ་བརྩི་བཞིན་ཡོད་པ། ཆོས་དད་ཡོད་མེད་དང་སྐྱེ་བ་སྔ་ཕྱིའི་སྐད་ཆ་མེད་པར་རང་བཞིན་ལྷན་སྐྱེས་ཀྱིས་མགོན་པོ་གང་ཉིད་ལ་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་པ་དང་། དེ་བཞིན་ནུབ་ཕྱོགས་རྒྱལ་ཁབ་ལ་མཚོན་ན་མགོན་པོ་གང་ཉིད་ལ་དགའ་མོས་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་དང་། ཁོང་སྐུ་འཚོ་བའི་རིང་འདི་དག་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་ཐོགས་ཡོང་བ་ཞིག་ལ་སྨོན་ལམ་གནང་བཞིན་ཡོད་པའི་བཀའ་བཞེས་གནང་།

གཞན་ཡང་ཐེངས་འདིར་འདུས་ཚོགས་རྒྱ་ཆེན་པོ་བྱས་ཏེ་འཛོམས་པས།  ཚང་མས་མགོན་པོ་གང་ཉིད་ཀྱི་ཆོས་སྲིད་ཀྱི་ལས་དོན་གང་བསྒྲུབས་པ་ལ་སེམས་ནས་ཡིད་མོས་དང་། དགའ་སྤྲོ་བྱས་ཏེ་༸རྒྱལ་དབང་ལ་བརྟན་བཞུགས་ཕུལ་བར་རྒྱ་ཆེན་པོ་འཛོམས་ནས་སྨོན་ལམ་བརྒྱབ་པ་བཞིན།  ཁོང་གིས་ཀྱང་ཇི་ལྟར་དད་ལྡན་ཚོས་སྨོན་ལམ་བརྒྱབ་པ་བཞིན་མི་ཚེ་འདིར་རེ་འདུན་རྣམས་འགྲུབ་ཐུབ་པ་ཞིག་ལ་སྨོན་ལམ་རྒྱག་གནང་གི་ཡིན་པ་དང་། དད་ལྡན་ཚང་མས་ཐེངས་འདིར་བརྟན་བཞུགས་ཕུལ་གནང་བ་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག དེ་བཞིན་རྒྱ་ནག་མི་མང་རྣམས་ནང་ཆོས་ལ་དོ་སྣང་ཡོད་པ་དེ་ཇི་ལྟར་དོ་སྣང་བྱས་པ་བཞིན་རིམ་བཞིན་སངས་རྒྱས་པའི་ཆོས་ཤུགས་ཆེན་པོ་དར་ཐུབ་པ་ཞིག་ཡིན་པ་དང་། དེའི་ཐོག་ལ་༧མགོན་པོ་གང་ཉིད་ནས་བསྟན་པའི་ཞབས་འདེགས་སྒྲུབ་རྒྱུ་ག་ཚོད་ཡོད་པ་དེ་དགའ་བཞིན་སྤྲོ་བཞིན་སྒྲུབ་གནང་རྒྱུན་ཡིན་པ་དང་། མགོན་པོ་གང་ཉིད་ནས་ཞོགས་པ་སྐུ་བཞེངས་གནང་བ་ནས་བྱང་ཆུབ་ཀྱི་སེམས་ལ་ཐུགས་བསམ་བཞེས། དེ་ནས་བྱང་ཆུབ་ཀྱི་སེམས་ཀྱིས་ཁ་ཡོད་ལག་ཡོད་ཀྱི་ནུས་པ་འདོན་པ་ལ་སྟོང་ཉིད་ཀྱི་ལྟ་བ་སྒོམ་གནང་གི་ཡོད་པ། རིམ་བཞིན་འཛམ་གླིང་སྤྱི་དང་ལྷག་པར་དུ་རྒྱ་ནག་ཏུ་སངས་རྒྱས་ཀྱི་ཟབ་རྒྱས་ཀྱི་ཆོས་འདི་ཡག་པོ་ཞིག་དར་ནས་སྤྱི་ཡོངས་ཀྱི་ཆ་ནས་ཞི་བདེ་ལྷིང་འཇགས་ཡག་པོ་ཞིག་ཡོང་ཐབས་དང་། བྱེ་བྲག་ཏུ་ང་ཚོའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་འདི་དག་གི་མི་མང་ཚང་མ་སྡོད་བཟོད་བདེ་བོ་ཞིག་དང་། རྒྱ་བོད་ས་མཚམས་ཀྱི་རྙོག་དྲ་རིམ་པས་འཇགས་ནས་ཞི་བདེ་ལྷིང་འཇགས་ཡག་པོ་ཡོང་ཐུབ་པར་རེ་བ་གནང་གི་ཡོད་ལ། ཕལ་ཆེར་དེ་འགྲུབ་པའི་བཟོ་འདུག་ཅེས་དང་།

ཐེངས་འདིར་དད་ལྡན་མི་མང་རྣམས་དད་པ་དང་འདུན་པ་གཅིག་སྒྲིལ་གྱི་ཐོག་ནས་འཛོམས་ཏེ་མགོན་པོ་གང་ལ་བརྟན་བཞུགས་ཕུལ་བ་བཞིན། མགོན་པོ་གང་ཉིད་ཀྱིས་ལོ་བརྒྱ་ཕྲག་བར་དུ་འཚོ་བའི་སྨོན་ལམ་རྒྱག་གནང་གི་ཡིན་པ་དང་། ཐུགས་སྟོབས་བསྐྱེད་དེ་བཞུགས་རྒྱུ་ཡིན་པའི་བཀའ་བཞེས་བཟང་པོ་གནང་འདུག དེ་རྗེས་མགོན་པོ་གང་ཉིད་མཆོག་དགུང་ལོ་དགུ་བཅུ་བཞེས་པའི་སྐུའི་གོ་སྟོན་རྟེན་འབྲེལ་དུ་གསུང་གཞས་གཟིགས་འབུལ་དང་། དགའ་ལྡན་ཁྲི་རིན་པོ་ཆེས་བཀའ་དྲིན་གཏང་རག་གི་མཎྜལ་འདེགས་འབུལ་ཞུས་རྗེས། ནང་ཚོགས་ཚོགས་གཙོ་དང་ལ་དྭགས་བསོད་ནམས་གླིང་ས་གནས་འགོ་འཛིན་སོགས་ནས་མཇལ་ཁ་ཞུས་རྗེས་བརྟན་བཞུགས་གནང་སྒོ་ལེགས་པར་གྲུབ་ཡོད་འདུག

གསར་འགོད་པ། བསྟན་འཛིན་ལམ་བཟང་།