ལོ་འདིར་རྒྱ་གཞུང་གི་འགོ་ཁྲིད་ནང་ནས་སྟག་༦༣ འཛིན་བཟུང་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་ལོ་འདིར་གཞུང་གི་འགོ་ཁྲིད་ནང་སྟག་ཅེས་འབོད་བཞིན་ཡོད་པའི་འགོ་ཁྲིད་མཐོ་གྲས་ཁྱོན་༦༣ འཛིན་བཟུང་དང་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། དེ་ནི་ད་བར་སྟག་མང་ཤོས་འཛིན་བཟུང་བྱས་པའི་ལོ་ཞིག་ཡིན་འདུག

ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༢༧ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༥ གཅིག་པུའི་ནང་ཁྱོན་རྒྱ་ནག་གི་འགོ་ཁྲིད་མཐོ་གྲས་ཡོངས་གྲགས་སུ་སྟག་ཅེས་འབོད་པའི་འགོ་ཁྲིད་ཁྱོན་༦༣ ལྐོག་ཟ་རུལ་སུངས་ལ་བརྟེན་ནས་འཛིན་བཟུང་དང་ཞིབ་བཤེར་བྱེད་བཞིན་ཡོད་འདུག་ལ། ལོ་རྗེས་མ་ཡང་ལྐོག་ཟ་རུལ་སུངས་བྱེད་མཁན་གྱི་སྟག་གང་མང་རྔོན་རྒྱུ་ཡིན་ཞེས་བརྗོད་འདུག ཉེ་ཆར་བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་རྒྱ་ནག་ནང་ཐག་གཅོད་གལ་ཆེ་ཁག་བྱེད་མཁན་སྡེ་ཚན་མཐོ་ཤོས་ཆབ་སྲིད་གྲོས་ཚོགས་(Politburo)ཀྱིས་མ་འོངས་པའི་ལོ་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཁྲོད་ལྐོག་ཟ་རུལ་སུངས་དང་། ཁྲིམས་སྒྲིག་སོགས་ལ་ཞིབ་འཇུག་བྱས་ནས་ཁྲིམས་སྒྲིག་ལག་བསྟར་ནན་ཏན་བྱེད་རྒྱུ་ཡིན་སྐོར་རྒྱ་ནག་གཞུང་འབྲེལ་གསར་ཁང་(Xinhua)ནས་བརྗོད་ཡོད་འདུག་ལ། ཚོགས་འདུ་སྐབས་སུ་སྤྱི་མོས་ཐོག་ནས་དམར་ཤོག་ཚོགས་པའི་ར་བའི་ནང་ལྐོག་ཟ་རུལ་སུངས་རྩ་མེད་གཏོང་དགོས་པ་དང་། ཐ་ན་ལྐོག་ཟ་རུལ་སུངས་མི་ཡོང་བའི་ཆེད་དུ་ལྐོག་ཟ་རུལ་སུངས་ཀྱི་ནད་ཀྱི་རྩ་བ་མེད་པ་བཟོ་དགོས་ཞེས་བརྗོད་འདུག
དེ་བཞིན་མ་འོངས་ལོ་ལྔའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ལ་ཞིབ་འཇུག་ནན་ཏན་བྱས་ནས་རྒྱ་ནག་གི་དཔལ་འབྱོར་དང་སྤྱི་ཚོགས་དེ་བཞིན་སྤུས་ཚད་ལྡན་པ་ཞིག་བཟོ་དགོས་ཚུལ་དང་། ཆབ་སྲིད་གྲོས་ཚོགས་ཀྱི་དབང་འོག་ཏུ་རྒྱ་ནག་གི་འགོ་ཁྲིད་ཚོ་ཏང་ལ་བློ་དཀར་གཞུང་དྲང་ཡིན་དགོས་པ་བརྗོད་འདུག
འདི་ལོ་སྟག་ཁྱོན་༦༣ ཁྲོད་ནས་༦༣ པ་དེ་བོད་རང་ལྗོངས་ཟེར་བ་དེའི་ནང་གི་སྒྲིག་ཁྲིམས་ལྟ་རྟོགས་བྱེད་མཁན་འགན་འཛིན་གཞོན་པ་ཟུར་པ་(Wang Jun)ཞེས་པ་དེ་ཡིན་འདུག་ཅིང་། མི་དེ་དེ་སྔོན་བོད་རང་ལྗོངས་ནང་དམར་ཤོག་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཡང་བྱས་མྱོང་ཡོད་འདུག་ཅིང་། ཉེ་ཆར་མི་དེ་འཛིན་བཟུང་དང་དྲི་རྩད་བྱེད་བཞིན་ཡོད་པ་ཕྱིར་བསྒྲགས་བྱས་ཡོད་འདུག
ཞིས་ཅིན་ཕིན་གྱིས་ཕྱི་ལོ་༢༠༡༣ ལོ་ནས་ལྐོག་ཟ་རུལ་སུངས་མེད་པ་བཟོ་བའི་ལས་འགུལ་དེ་སྤེལ་ནས་ད་བར་རྒྱ་ནག་གི་འགོ་ཁྲིད་མང་པོ་ཞིག་ལྐོག་ཟ་རུལ་སུངས་ཀྱི་མིང་ཐོག་ནས་འཛིན་བཟུང་དང་། བཙོན་འཇུག འགའ་ཤས་སྲོག་ཁྲིམས་བཅད་པ་དང་། འགའ་ཤས་ཚེ་བཙོན་བཅུག་པ་སོགས་ཀྱི་དཀའ་ངལ་མང་པོ་སྤྲད་ཡོད་པ་དང་། ལོ་རེར་འགོ་ཁྲིད་མང་པོ་ཞིག་འཛིན་བཟུང་བྱེད་ཀྱི་ཡོད་པ་བཞིན་ལོ་སྔོན་མ་ཁྱོན་འགོ་ཁྲིད་༥༨ བཀག་ཉར་བྱས་ཡོད་འདུག སྟག་གི་རིགས་སུ་བརྩི་བའི་འགོ་ཁྲིད་དེ་དག་ནི་ལྷན་ཁང་ཁག་གི་བློན་ཆེན་རིམ་པ་དང་། བློན་རིམ་པའི་གོང་གི་འགོ་ཁྲིད་མཐོ་གྲས་རྐྱང་རྐྱང་ཡིན་པ་བརྗོད་འདུག སྟག་འགའ་ཤས་གོ་གནས་ཅུང་ཙམ་དམའ་ཡང་གཞུང་གིས་ཐད་ཀར་སྟངས་འཛིན་འོག་ཏུ་ཡོད་པའི་དམིགས་བསལ་གྱི་གོ་གནས་གལ་ཆེ་རིགས་རྐྱང་རྐྱང་ཡིན་འདུག
ད་ལོ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་འགོ་ཁྲིད་ཁྲོད་རྒྱ་ནག་གི་དམག་སྤྱི་མང་པོ་ཡོད་འདུག་ལ། དམག་སྤྱི་དེ་ཚོ་གོ་གནས་ནས་ཕྱིར་ཕུད་དང་། བཀག་ཉར་བྱས་ཡོད་འདུག དེ་དག་ཁྲོད་ནས་འགོ་ཁྲིད་མཐོ་ཤོས་ཤིག་ནི་རྒྱ་ནག་གི་དམག་སྡེ་ལྷན་ཁང་གི་གཙོ་འཛིན་གཞོན་པ་(He Weidong)ཟེར་བ་དང་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་མི་(Miao Hua)གཉིས་སྟག་ཆེ་ཤོས་གཉིས་དེ་ཡིན་འདུག
ཉེ་ཆར་རྒྱ་ནག་དམར་ཤོག་ཚོགས་པའི་གྲོས་ཚོགས་དང་ཁྲིམས་གཞི་ཁང་གཉིས་ཀྱིས་ལྐོག་ཟ་རུལ་སུངས་བྱས་པའི་ནག་ཉེས་འོག་འཛིན་བཟུང་བྱས་པའི་འགོ་ཁྲིད་ཚོར་ཞིབ་འཇུག་བྱེད་སྟངས་སྐོར་ལམ་སྟོན་གསར་པ་ཞིག་བྱས་ཡོད་འདུག་ཅིང་། རྒྱུ་མཚན་ནི་ད་ཆར་རྒྱ་ནག་གི་འགོ་ཁྲིད་ཚོས་ལྐོག་ཟ་རུལ་སུངས་བྱེད་སྟངས་ཐབས་ལམ་གསར་པ་ཞིག་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་། དེ་མགོ་རྙོག་ཅན་ཞིག་ཡོད་པ་བརྗོད་འདུག འགོ་ཁྲིད་ཚོས་གཞུང་གིས་ལྐོག་ཟ་རུལ་སུངས་སྐོར་ཤེས་རྟོགས་མི་ཡོང་བའི་ཆེད་རང་ཉིད་རྒས་ཡོལ་མ་ཞུས་བར་ལྐོག་རྔན་དོ་བདག་རང་ཉིད་ཀྱི་ལག་ནང་འཇོག་པ་ལས་མི་ལེན་པ་དང་། རྒས་ཡོལ་ཞུས་རྗེས་ལེན་གྱི་ཡོད་ཚུལ་བརྗོད་འདུག།
གསར་འགོད། བསོད་ནམ་ཕུན་ཚོགས།
