ལྷ་ཁང་ནང་བུད་མེད་སོང་ན་བཙན་གཡེམ་གྱི་དོན་རྐྱེན་མང་དུ་འགྲོ་ཡི་རེད།

ཉེ་ཆར་རྒྱ་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་མཱ་ཧ་ར་ཤྲེ་ཊིའི་མངའ་སྡེའི་ཤཱ་ནི་ལྷ་ཁང་ནང་ལོ་ངོ་༤༠༠ རིང་བུད་མེད་འགྲོ་མ་བཅུག་པ་དེ་ཚུལ་མིན་དུ་ངོས་འཛིན་བྱས་ཏེ། ཁྲིམས་དེར་བསྒྱུར་བཅོས་བཏང་ནས་བུད་མེད་འགྲོ་ཆོག་པ་བཟོས་ཡོད་ཁར། ཆོས་དཔོན་ཤན་ཨ་ཅརྱས་ཀར་གྱིས་བུད་མེད་ལྷ་ཁང་དེའི་ནང་འཛུལ་ན་བཙན་གཡེམ་གྱི་གནས་ཚུལ་མང་དུ་འགྲོ་ཡི་རེད་ཅེས་བཤད་པར། རྒྱ་གར་མི་མང་ནས་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་འདུག

33681842_1016_4_11དེ་ཡང་རྒྱ་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བུད་མེད་ལྷ་ཁང་དུ་འགྲོ་མི་བཅུག་པ་དེ་ནི་ཕོ་མོ་དབྱེ་འབྱེད་ཀྱི་གནས་སྟངས་ཤིག་ཡིན་པ་དང། ཕོ་མོ་གཉིས་ཀར་ཆོས་བྱེད་པའི་ཐོབ་ཐང་འདྲ་མཉམ་ཡོད་པས། བུད་མེད་འགྲོ་བཅུག་དགོས་པའི་བཀའ་བཏང་བས། བུད་མེད་ཐོབ་ཐང་རྩོད་ལེན་པ་དང་རྒྱབ་སྐྱོར་བ་ཚོས་ཐག་གཅོད་དེར་དགའ་བསུ་ཆེན་པོ་བྱས་ཡོད་པ་རེད། འོན་ཀྱང་ཆོས་དཔོན་དེས་ལྷ་ཤཱ་ནིའི་མིག་གིས་བུད་མེད་མཐོང་དུས། བུད་མེད་ལ་བར་ཆད་འབྱུང་གི་ཡོད་པས། བཙན་གཡེམ་སོགས་གནས་ཚུལ་ངན་པ་མང་དུ་འགྲོ་ཡི་རེད་ཅེས་བཤད་ཡོད་འདུག

གནས་ཚུལ་དེ་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་མང་པོའི་ནང་དུ་ཐོན་ཡོད་ཁར། སྤྱི་ཚོགས་དྲ་རྒྱའི་སྟེང་ཆོས་དཔོན་དེའི་སྐད་ཆ་ལ་ངོ་རྒོལ་བྱེད་མཁན་ཤིན་ཏུ་མང་པོ་ཡོད་འདུག རྒྱ་གར་ནང་ལྷ་ཁང་དེ་མ་ཡིན་པར་བུད་མེད་འགྲོ་མི་ཆོག་པའི་ལྷ་ཁང་མང་པོ་ཡོད་འདུག་པས། རིམ་བཞིན་ལྷ་ཁང་དེ་དག་ཁྲིམས་ལ་གཏུག་བྱེད་སྲིད་སྐོར་ཚོད་དཔག་བྱེད་མཁན་མང་པོ་ཡོད་འདུག

རྒྱ་གར་ནང་གནའ་སྔ་མོ་ནས་དར་བའི་སྐྱེས་པའི་དབང་འཛིན་གྱི་སྤྱི་ཚོགས་བསམ་བློ་ལ་དེང་གི་ཆར། བུད་མེད་ཐོབ་ཐང་རྩོད་ལེན་པ་ཕོ་མོ་གཉིས་ཀས་གདོང་ལེན་དང། བསམ་བློ་རྙིང་པ་དེེར་བཅོས་བསྒྱུར་བྱེད་ཐབས་ཀྱི་ལས་འགུལ་ཤུགས་ཆེན་སྤེལ་བཞིན་ཡོད་པ་རེད། ལས་འགུལ་དེ་དག་ལ་དགག་པ་བྱེད་མཁན་མང་པོ་ཞིག་ནི་ཆོས་དཔོན་དང་ཆབ་སྲིད་པ་རྒན་གྲས་དང། དེང་དུས་ཀྱི་ཤེས་ཡོན་མེད་པའི་མི་རབས་རྒན་པ་མང་པོ་ཡིན་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།